G310ལམ་ཐིག་སྟེ་གཅན་ཚ་ནས་གུང་ཧོ་བར་གྱི་གཞུང་ལམ་དེ་མར་ཁུ་ཐང་ནས་གདོང་སྣ་བར་གྱི་ཡན་ལག་ལམ་ཐིག་དངོས་སུ་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན། G310ལམ་ཐིག་སྟེ་གཅན་ཚ་ནས་གུང་ཧོ་བར་གྱི་གཞུང་ལམ་གྱི་མར་ཁུ་ཐང་གྲོང་རྡལ་ནས་གདོང་སྣ་བར་གྱི་ཡན་ལག་ལམ་ཐིག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཏེ་དངོས་སུ་ཤར་གཏོང་བྱས་ཤིང་། “མདའ་མོ་གཡང་རྫོང”གི་ཕ་ས་སྟེ་གཅན་ཚར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཡང་ལམ་ཞིག་གསར་དུ་བསྣན། 

རྒྱུས་ལོན་པ་ལྟར་ན། G310ལམ་ཐིག་སྟེ་གཅན་ཚ་ནས་གུང་ཧོ་བར་གྱི་གཞུང་ལམ་དེ་ནི《རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད(2013-2030ལོའི་བར)》གྱི་ལེན་ཡུན་ཀང་ནས་གུང་ཧོ་བར་གྱི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ས་ཁོངས་གཞུང་ལམ་དྲ་བའི་ཁྲོད་གྱི་གོ་གནས་གལ་ཆེན་ཟིན་ཡོད། མར་ཁུ་ཐང་གྲོང་རྡལ་ནས་གདོང་སྣ་བར་གྱི་ཡན་ལག་ལམ་ཐིག་གི་མགོ་རྩོམ་ས་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཐེ་ལིན་ལམ་དང་འཆར་འགོད་ཀྱི་གཡང་མདའ་ལམ་གྱི་བཞི་མཚམས་སུ་ཡོད་ཅིང་། མཇུག་སྒྲིལ་ས་དེ་གདོང་སྣ་གྲོང་རྡལ་རྨ་ཆུ་ཟམ་ཆེན་གྱི་ཟམ་སྣེ་ཡིན། ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.9252ཡིན་ལ། ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ20.029ཡོད་ཅིང་། དེ2018ལོའི་ཟླ3པར་ལས་མགོ་བརྩམས་ཤིང་། རིམ་པ་གཉིས་པའི་གཞུང་ལམ་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་དང་། སྤྱིའི་ལམ་ཐིག་ལ་ཟམ་པ4དང་། ཟམ་རྡུང53སྒྲིག་བཀོད་བྱས་ཡོད། 

མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ་ནི་གཅན་ཚ་རྫོང་གི་མར་ཁུ་ཐང་དང་གདོང་སྣ། ཁམས་ར་གྲོང་རྡལ་བཅས་གྲོང་རྡལ་གསུམ་གྱི་དཔལ་འབྱོར་གནད་གཙོ་བོ་དང་། རྨ་ལྷོ་ཁུལ་བྱང་ཕྱོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་ཞིག་ཀྱང་ཡིན་པ་མ་ཟད། གཅན་ཚ་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱིས་རེ་སྒུག་གང་མང་བྱས་པའི་དམངས་འཚོའི་བཟོ་སྐྲུན་ཞིག་ཀྱང་ཡིན།   །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།