ཟི་ལིང་གྲོང་ཁྱེར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིའི་དངུལ་རྩ་ངོ་སྤྲོད་གྲོས་ཚོགས་པེ་ཅིན་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས30ཉིན། ཟི་ལིང་གྲོང་ཁྱེར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིའི་དངུལ་རྩ་ངོ་སྤྲོད་གྲོས་ཚོགས་པེ་ཅིན་ནས་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིས་མེན་གྱིས་བསྟན་དོན། དངུལ་རྩ་སྡེ་ཁག་དང་ཁེ་ལས་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཁ་ཕྲལ་དུ་མི་རུང་བའི་སྤྱི་ཁོག་ཡིན་ལ། དངུལ་ཁང་དང་ཁེ་ལས་ཀྱི་མཉམ་ལས་ཚོང་ར་རྒྱ་ཆེ་བ་དང་། ནུས་པ་འདོན་ས་མང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ་དང་དཔལ་འབྱོར་རྣམ་པ་བཞི་སྐྱེད་སྲིང་བྱེད་པ་སོགས་འཐས་ཇུས་བཀོད་སྒྲིག་ལ་དམིགས་ནས། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་ས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད། རྒྱུན་མཐུད་ངང་རྒྱལ་དབང་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལམ་ཞིག་བཏོད་དགོས་ཟེར། ཁོས་དངུལ་རྩའི་སྡེ་ཁག་སོ་སོ་དང་ཁེ་ལས་པས་ཟི་ལིང་གྲོང་ཁྱེར་གྱི་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་མཚོན་བྱེད་དུ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་ནང་གི་ཁེ་ལས་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཏོན།

ཐེངས་འདིའི་དངུལ་རྩ་ངོ་སྤྲོད་གྲོས་ཚོགས་ཀྱི་དམིགས་འབེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དངུལ་ཁང་དང་ཁེ་ལས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཁུལ་ཁོངས་ཀྱི་ཡིད་རྟོན་མ་ལག་བཟང་བོ་བཙུགས་ཏེ། རྒྱལ་དབང་ཁེ་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་དང་འབྲེལ་ཡོད་དངུལ་རྩ་སྡེ་ཁག་གཉིས་ཀྱིས་སྒོར་ཐེར་ཆེན་གཉིས་ཀྱི་མཉམ་ལས་འདོད་བློ་བཀོད་པ་དང་། དེའི་ཐད་ནས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་དང་བུན་འཛིན་སྤེལ་བ་དང་ཉོ་སྒྲུབ་བྱེད་པ། ལས་གཞི་གཙོ་བོའི་དངུལ་བསྲེས། འཁོར་རྒྱུག་རང་བཞིན་གྱི་རྒྱབ་སྐྱོར་སོགས་ཕྱོགས་མང་པོ་འདུ། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།