དབྱང་ཀྲི་ཝུན་གྱིས་མགོ་ལོག་ཁུལ་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས27ཉིན་ནས་ཚེས30ཉིན་བར།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་།  དར་ལག་རྫོང་།  པདྨ་རྫོང་།  གཅིག་སྒྲིལ་རྫོང་བཅས་སུ་སོང་ནས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་དང་ལས་འཁྱུར་དམག་མིའི་བྱ་བར་རྟོག་ཞིབ་བྱས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་འབྲེལ་ཡོད་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱེད་དགོས་ལ།  ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་སོ་སོ་དོན་འཁྱོལ་བྱས་ཏེ།  ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན།

དབྱང་ཀྲི་ཝུན་སྔ་གཞུག་ཏུ་བྱིས་སྐྱོང་ཁང་དང་སློབ་གྲྭ་ཆུང་འབྲིང་།  ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་ཁང་དང་ཉལ་ཁང་།  ཟ་ཁང་སོགས་སུ་སོང་ནས་དགེ་སློབ་ཚོ་དང་གླེང་མོལ་བྱས་ཏེ།  རྨ་སྟོད་རྫོང་གི་སློབ་གྲྭར་གནོད་སྐྱོན་ཕོག་པའི་གནས་ཚུལ་དང་གནོད་སྐྱོན་བྱུང་རྗེས་ཀྱི་སློབ་གསོ་དང་སློབ་ཁྲིད་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས།  ཀུན་སྤྱོད་གཙོར་བཟུང་ནས་མི་གཞི་སྐྱོང་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས།  ཞན་ཆ་ཁ་གསབ་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ།  རྒྱལ་ཡོངས་ལས་རིགས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་ཆེད་ལས་བཀོད་པ་ལེགས་བསྒྱུར་བྱེད་པ།  ཐོན་ལས་དང་སློབ་གསོ་མཉམ་འདྲེས་གཏིབ་ཟབ་བྱས་ཏེ་ཆུ་ཚད་མཐོ་བའི་ལས་རིགས་སློབ་གྲྭ་གསར་སྐྲུན་བྱེད་དགོས་པ།   སློབ་གྲྭའི་བདེ་འཇགས་ཀྱི་ཁྱབ་ཁོངས་གཙོ་བོར་ལྟ་རྟོག་ནན་མོ་བྱས་ནས་སློབ་མའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱེད་པ་དང་།  ཕྱོགས་སོ་སོའི་ལས་འགན་དོན་འཁྱོལ་ནན་མོ་བྱས་ནས་བདེ་འཇགས་དོ་དམ་དམ་འཛིན་བྱེད་དགོས་པར་བསྟན།

དབྱང་ཀྲི་ཝུན་པདྨ་རྫོང་དམར་དམག་ལུང་བའི་དམར་བོའི་སློབ་གསོའི་རྟེན་གཞི་དང་།  ལས་འཁྱུར་དམག་མིའི་ལས་དོན་ལྟེ་གནས།  སྔོན་གཤེགས་དཔའ་བོའི་བང་སོ་སོགས་སུ་སོང་ནས་དམར་བོའི་སློབ་གསོ་མྱངས་པ་དང་འབྲེལ་ཡོད་ཀྱི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས།  ཁོས་ལས་འཁྱུར་དམག་མིའི་རྩ་འཛུགས་དོ་དམ་དང་སྲིད་ཇུས་སྒྲིག་ཁྲིམས།  ཞབས་ཞུའི་འགན་སྲུང་མ་ལག་སོགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  གསར་བརྗེའི་དྲན་གསོའི་སྒྲིག་ཆས་ཞིག་གསོ་དང་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ལྷག་བསམ་རྣམ་དག་གིས་ཞབས་ཞུའི་བྱ་བ་ཡག་པོར་སྒྲུབ་དགོས།  གསར་བརྗེ་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱེད་པ་དང་གསར་བརྗེ་གཏམ་རྒྱུད་ཡག་པོར་བརྗོད་པ། གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ གསར་བརྗེ་གཞི་རྒྱུའི་རྒྱུན་འཛིན་པ་དང་ལག་བསྟར་བྱེད་མཁན་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།