མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་མགོ་ཁྲིད་ལས་བྱེད་པས་གཅིག་གྱུར་སྒོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་དངོོས་ལ་བལྟས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་དང་ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་རིམ་པ་ཡན་གྱི་བློ་མཐུན་རྒན་གྲས་སོགས་ཀྱིས་ཞིང་ཆེན་ཏང་ཨུའི་བརྙན་ལམ་ཚོགས་འདུ་ཁང་དུ་གཅིག་གྱུར་སྒོས་ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་བལྟས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུས།

ཆུ་ཚོད8ཏག་ཏག་གི་སྟེང་། རྟེན་འབྲེལ་ཚོགས་ཆེན་དངོས་སུ་མགོ་བརྩམས། ཐད་གཏོང་བྱེད་པའི་པར་རིས་ཁྲོད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་རྟེན་འབྲེལ་མེ་སྒྱོགས་བརྒྱ་བརྒྱབ་པ་སོགས་ཀྱིས་ཡུལ་དངོས་གཟི་བརྗིད་ལྡན་ལ་འཁྲུག་ཆ་དོད་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་དུ་གསུང་བཤད་གལ་ཆེན་གནང་སྐབས། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་། ནན་ཏན་གྱིས་ཟིན་ཐོར་འགོད་པ། སེམས་རྣལ་དུ་ཕབ་ནས་དགོངས་དོན་ལ་གོ་བ་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ལོ་ངོ་བརྒྱ་ཡི་རིང་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ཁྱད་བསད་ཀྱིས་བསྐྱོད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བགྲོད་ལམ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས། ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བཅས་བྱུང་བར་ཕྱིར་དྲན་བྱས་ནས། ཏང་དང་མི་དམངས་ཀྱི་ཚབ་བྱས་ཏེ་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མཐུད་ངང་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ལ། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ནས། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་དང་། སྤོབས་པ་ཆེར་བསྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གཉིས་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་དང་ཡང་དག་ཡིན་པ་གང་ལེགས་ཀྱིས་མཚོན་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྤྲོ་སྣང་སྦྱིན་པ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ཕུགས་འདུན་དུ་གཉེར་ཡོད་པ་དང་། ལོ་བརྒྱ་ཡི་ལོ་རྒྱུས་ནི་ཤེས་རབ་དང་སྟོབས་ཤུགས་ལྡན་པའི་ལོ་རྒྱུས་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་ཕྱོགས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། དུས་བསྟུན་མདུན་སྐྱོད་དང་། གསར་འབྱེད་འབད་འབུངས་བཅས་བྱས་ཏེ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།