ཚེ་རིང་ཐར་གྱིས་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་རྨ་ཆུའི་ཆུ་མགོར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་ས་གནས་སུ་རྨ་ཆུའི་ཆུ་མགོའི་ཆུ་ཤུགས་གློག་ཁང་གི་འབྲེལ་ཡོད་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་བར་ཕྱིན་ཞིང་། ཚེ་རིང་ཐར་གྱིས་རྨ་ཆུའི་ཆུ་མགོའི་ཆུ་ཤུགས་གློག་ཁང་ནི་དམིགས་གཏན་ལོ་རབས་དང་དམིགས་བསལ་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་བཙུགས་པ་ཞིག་ཡིན་པ་དང་། ད་ཐེངས་རྨ་སྟོད་ཀྱི་ས་ཡོམ་ཁྲོད་དེའི་གནོད་འཚེ་དང་ཤུགས་རྐྱེན་ཕྱིར་མངོན་ཡོད་པས། ང་ཚོས་དངོས་ཡོད་ལ་ཁ་ཕྱོགས་པ་དང་། ཚན་རིག་ལ་བརྩི་འཇོག སྐྱེ་ཁམས་སྔོན་ལ་འཛིན་པ། ཕན་གཉེར་གནོད་གཡོལ། ཐག་གཅོད་འོས་འཚམ། རྒྱབ་ཕྱོགས་ཀྱི་གནོད་སྐྱོན་མེད་པ་བཅས་བྱེད་དགོས། མིག་སྔར་འབྲུབ་འགོག་གནོད་འཚེ་ཉུང་གཏོང་ལས་དོན་ཡག་པོ་བསྒྲུབས་ནས། ཞོར་ཐོན་གནོད་འཚེ་མི་ཐོན་པར་འགན་ལེན་བྱེད་དགོས་པར་བསྟན།

རྟོག་ཞིབ་རིང་ཚེ་རིང་ཐར་གྱིས་རྨ་ཆུའི་ཆུ་མགོའི་ཆུ་ཤུགས་གློག་ཁང་གི་ཏང་ཡོན50ལྷག་ལ་ཏང་གི་སློབ་ཁྲིད་བྱས་ཏེ། དང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་སྟོད་ས་ཁུལ་ལ་ཐུགས་ཁུར་དང་འཚམས་འདྲི་གནང་བར་སློབ་སྦྱོང་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནོད་ཁུལ་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ལུགས་བརྒྱུད་བསྒྲགས་བྱས། ཏང་གི་སློབ་ཁྲིད་ཁྲོད་ཁོང་གིས་ད་ཆ་ང་ཚོ་རླབས་ཆེན་གྱི་དུས་རབས་ཤིག་ཏུ་གནས་ཡོད་པས། ང་ཚོས་ཏང་དང་ཏང་གི་མི་རིགས་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། བཀའ་དྲིན་ཚོར་བ་བྱ་རྒྱུ་དེ་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བཅས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་པར་བརྗོད། མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས། མཚོ་ཁྲ་སོགས་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་ཐོན་ཁུངས་འཛམ་གླིང་དུ་སྐད་གྲགས་ཆོད་པར་བྱེད་པ་ནི་རྒྱུ་ནོར་རྩ་ཆེན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རྨ་ཆུའི་ཆུ་མགོའི་རྩྭ་རྩི་ཤིང་དང་རི་ཀླུང་ཐམས་ཅད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་དོར་ཐབས་མེད་པའི་འགན་འཁྲི་དང་གཟི་བརྗིད་བླ་ན་མེད་པའི་འགན་འཁྲི་ཞིག་རེད། ཚེ་རིང་ཐར་གྱིས་རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་ལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་སྒྲོལ་གནད་དོན་སྔ་མོ་ནས་འཆར་འགོད་བྱེད་པ་དང་། གནོད་ཐེབས་བསྐྱར་འཛུགས་ཀྱི་ལས་གཞིའི་རྣམ་གྲངས་འཆར་འགོད་ཡག་པོ་བྱས་ཏེ། གནོད་ཁུལ་ལ་གེགས་སེལ་གྱི་འཕྲལ་སྡོམ་རྣམ་པ་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་པའི་ཕྱོགས་སུ་གང་མགྱོགས་འགྱུར་བ་བྱེད་དགོས། དེ་དང་ཆབས་ཅིག་ས་གཤིས་གནོད་འཚེ་སོགས་ཀྱི་གནད་དོན་ལ་དོགས་ཟོན་བྱས་ཏེ། ཆུ་འབྲུབ་པའི་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།