མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གཞི་གྲངས་ཁྱབ་བསྒྲགས་བྱས་པ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་མུ་མཐུད་དུ་འཕར་ཚད་དམའ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ།

ཟླ6པའི་ཚེས15ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གཞི་གྲངས་གཙོ་བོའི་མཇུག་འབྲས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་གྱི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའམ་ཞིང་ཆེན་སྡོམ་རྩིས་ཅུས་ཀྱི་ཅུས་ཀྲང་ཧྲང་ཡུས་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་བསྡོམས་པས་མི5923957ལ་སླེབས་པ་དེ2010ལོ(རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གཞི་གྲངས)དང་བསྡུར་ན་མི297235ཇེ་མང་དུ་སོང་སྟེ5.28%འཕར་ཡོད་ལ། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད0.52%རེད། 2010ལོ་ནས2020ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་མུ་མཐུད་དུ་འཕར་ཚད་དམའ་བའི་རྣམ་པ་རྒྱུན་སྲུང་བྱས་ཡོད།

ཁྱིམ་ཚང་གི་གཞི་ཁྱོན་ཆུང་དུ་ཕྱིན་པ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁྱིམ་ཚང1965893ཡོད་པ་དང་། ཁྱིམ་ཚང་གི་མི་འབོར5493942ཡོད་ལ།ཐུན་མོང་གི་ཁྱིམ་ཚང113382ཡོད་པ་དང་། ཐུན་མོང་ཁྱིམ་ཚང་གི་མི་འབོར430015ཡོད། 2010ལོ་དང་བསྡུར་ན། ཁྱིམ་ཚང་གི་གྲངས་འབོར436853ཇེ་མང་དུ་སོང་བ་དང་། ཁྱིམ་ཚང་རེའི་མི་གྲངས་ཆ་སྙོམས་ཀྱིས0.67ཇེ་ཉུང་དུ་སོང་ཡོད།

གྲངས་ཉུང་མི་རིགས་མི་འབོར་གྱི་ཟིན་ཚད་མཐོ་རུ་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་རྒྱ་རིགས་མི་གྲངས2993534ཡོད་པ་དེས50.53%ཟིན་པ་དང་། གྲངས་ཉུང་མི་རིགས་སོ་སོའི་མི་འབོར2930423ཡོད་པ་དེས49.47%ཟིན་ཡོད། 2010ལོ་དང་བསྡུར་ན། རྒྱ་རིགས་ཀྱི་མི་འབོར10018འཕར་བ་དང་འཕར་ཚད0.34%ཡིན་པ་དེས་འཕར་ཚད་བརྒྱ་ཆའི་ཆ2.49མར་ཆག་ཡོད། གྲངས་ཉུང་མི་རིགས་སོ་སོའི་མི་འབོར287217འཕར་བ་དང་འཕར་ཚད10.87%ཡིན་པ་དེས་ཟིན་ཚད་བརྒྱ་ཆའི་ཆ2.49ཇེ་མང་དུ་སོང་ཡོད།

མཁར་གྲོང་མི་འབོར་གྱི་བསྡུར་ཚད་མཐོ་རུ་ཕྱིན་པ། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་མི་འབོར3559363ལ་སླེབས་པ་དེས60.08%ཟིན་པ་དང་། གྲོང་གསེབ་ཏུ་སྡོད་མཁན་མི་འབོར2364594ལ་སླེབས་པ་དེས39.92%ཟིན་ཡོད། 2010ལོ་དང་བསྡུར་ན། མཁར་གྲོང་གི་མི་འབོར1043105ཇེ་མང་དུ་སོང་བ་དང་། གྲོང་གསེབ་ཀྱི་མི་འབོར745870ཇེ་ཉུང་དུ་སོང་སྟེ་མཁར་གྲོང་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་ཆ15.36འཕར་ཡོད།

མི་འབོར་གྱི་ཕོ་མོའི་གྲུབ་ཚུལ་མུ་མཐུད་དུ་ལེགས་བཅོས་བྱུང་བ། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར3033846ལ་སླེབས་པ་དེས51.21%ཟིན་པ་དང་། སྐྱེས་མའི་མི་འབོར2890111ལ་སླེབས་པ་དེས48.79%ཟིན་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད(སྐྱེས་མ100བྱས་ཏེ་སྐྱེས་པ་སྐྱེས་མའི་བསྡུར་གྲངས)ནི104.97ཡིན་པ་དེ2010ལོ་དང་བསྡུར་ན2.43མར་ཆག་ཡོད།

མི་འབོར་རྒན་འཁོགས་ཅན་དུ་འགྱུར་ཚད་ཇེ་མང་དུ་སོང་བ། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ལོ0ནས14བར་གྱི་མི་འབོར་ནི1232956ལ་སླེབས་པ་དེས20.81%ཟིན་པ་དང་། ལོ15ནས59བར་གྱི་མི་འབོར3971599ལ་སླེབས་པ་དེས67.04%ཟིན་ཡོད། ལོ60དང་དེའི་ཡན་གྱི་མི་འབོར719402ལ་སླེབས་པ་དེས12.15%(དེའི་ཁྲོད་དུ་ལོ65དང་དེའི་ཡན་གྱི་མི་འབོར514093ཡོད་པ་དེས8.68%ཟིན)ཟིན་ཡོད། 2010ལོ་དང་བསྡུར་ན་ལོ0ནས14བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་ཆ0.11མར་ཆག་པ་དང་། ལོ15ནས59བར་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་ཆ2.59མར་ཆག་ཡོད་ལ། ལོ60དང་དེའི་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་ཆ2.70འཕར་ཡོད་པ་རེད།

སློབ་གསོ་ཐོབ་ཚུལ་ཟམ་མི་ཆད་པར་ལེགས་བཅོས་བྱུང་ཡོད། ཞིང་ཆེན་ཡོངས་སུ་སློབ་ཆེན་རིག་གནས་ཀྱི་ཆུ་ཚད་ལྡན་པའི་མི་འབོར881494ཡོད་པ་དང་། མཐོ་རིམ་སློབ་འབྲིང(འབྲིང་རིམ་ཆེད་ལས་ཚུད་པ)གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར626038ཡོད་ལ། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར1442149ཡོད་པ་དང་། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས1938626ཡོད། 2010ལོ་དང་བསྡུར་ན་མི་ཁྲི་རེའི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི862ནས1488བར་མང་དུ་ཕྱིན་པ་དང་། ལོ15དང་དེའི་ཡན་གྱི་རྒྱུན་སྡོད་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་པའི་ཚད་ལོ1མང་དུ་ཕྱིན་ནས། ཡིག་རྨོངས་པ་བརྒྱ་ཆའི་ཆ2.29ཉུང་དུ་ཕྱིན་ཡོད་པ་རེད།

འཁྱར་འགྲིམ་མི་འབོར་གྱི་གཞི་ཁྱོན་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་མི་དང་ཁྱིམ་ཐོ་ལོགས་སུ་ཕྱེ་བའི་མི2070660ཡོད་པ་དེ། 2010ལོ་དང་བསྡུར་ན། མི་དང་ཁྱིམ་ཐོ་ལོགས་སུ་ཕྱེ་བའི་མི་འབོར929706ཇེ་མང་དུ་སོང་ནས81.48%འཕར་བ་དང་། འཁྱར་འགྲིམ་མི་འབོར613092ཇེ་མང་དུ་སོང་བ་དང61.74%འཕར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།