བཀོད་སྒྲིག་སྡོད་ཁང་ལ་དཔང་ཡིག་བྱིན་ནས་མང་ཚོགས་ཀྱི་སེམས་བདེ་བར་བྱས་པ།

དབུལ་ཞིང་ཕོངས་པའི་ཁང་རྙིང་ལས་གནས་སྤར་ཏེ་ཁང་གསར་དུ་འཚོ་བ་གསར་པ་རོལ་མགོ་བརྩམས་མོད། གལ་ཏེ་ཁང་གསར་ལ་དཔང་ཡིག་མེད་ན་གང་ལྟར་སེམས་བདེ་མོ་ཞིག་མ་རེད།

མཐོ་སྒང་གི་ཞོགས་པའི་ཉི་ཟེར་གྱིས་རྩྭ་ཐང་གསལ་ཐིང་ཐིང་དུ་བྱས་པ་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གླིང་རུ་སྡེ་བའི་གཞན་སར་གནས་སྤོར་བཀོད་སྒྲིག་ཁུལ་དུ། ཐོགས་འཇམ་བཟའ་ཟླ་གཉིས་ཁྱིམ་དུ་ལས་ཀར་བྲེལ་བཞིན་འདུག

ཁང་གསར་ནི་སོ་ཕག་དང་ཨར་འདམ་གྱིས་ལས་པའི་ཁེར་ཐོག་ཅན་ཡིན་པ་དང་། བསྡོམས་པས་ཁང་མིག་བཞི་ཡོད་ལ། ལས་ལ་བརྩོན་པའི་ཁྱིམ་བདག་གིས་ཡང་བསྐྱར་དངོས་ཟོག་འཇོག་སའི་ཁང་པ་ཆུང་ཆུང་ཞིག་ཀྱང་བཀབ་འདུག གྲལ་དག་པའི་ར་སྐོར་ནང་དུ། བདག་མོས་ཚལ་ཞིང་རྨོས་ཏེ། དྲོད་ཁང་ཕུབ་པ་དང་ནང་དུ་སྔོ་ཚོད་ལྗང་ཐིང་ངེར་སྐྱེས།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་ལ། ནང་ཆེན་རྫོང་གིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ། “མང་ཚོགས་ཀྱི་ཆེད་དུ་ངས་དོན་དངོས་སྒྲུབ་པ”ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་དང་། མང་ཚོགས་ཀྱི་དགོས་མཁོར་རྐང་བཙུགས་ཏེ། ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱི་ཆེད་དུ་དོན་བཟང་སྒྲུབ་པ་དང་། དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཤིང་། གཞན་སར་གནས་སྤོར་བའི་དུད་ཁྱིམ1199ཡི་སྡེ་དམངས་ལ་གཏན་འཇགས་རྒྱུ་ནོར་བདག་དབང་གི་དཔང་ཡིག་བྱིན་ཏེ་སེམས་བདེ་རུ་བཅུག

དེ་སྔོན་ཐོགས་འཇམ་བཟའ་མི་གང་བོ་སྡོད་སའི་གླིང་རུ་སྡེ་བ་ནས་རྫོང་མཁར་གྱི་བར་ཐག་ལ་སྤྱི་ལེ20ཡོད་པ་དང་། དུད་ཁྱིམ་རེ་རེ་རྒྱབ་རིར་བསྙེས་ཏེ་ལས་པའི་ས་ཁང་རྐྱང་རྐྱང་ཡིན་ལ། འགྲོ་འོང་དཀའ་བ་དང་། གློག་སྤྱོད་དཀའ་བ། འཐུང་ཆུ་དཀོན་པ་བཅས་ཀྱིས་སྡེ་བའི་འཕེལ་རྒྱས་དང་སྡེ་དམངས་ཕྱུག་བསྒྱུར་ཐད་བཀག་འགོག་ཐེབས་ཡོད།

མཐིལ་རྟོགས་བརྟག་དཔྱད་དང་། རང་འཐད་ངེས་གཏན། དེ་མིན་སྡེ་བ་དང་གྲོང་རྡལ། རྫོང་བཅས་རིམ་པ་གསུམ་གྱི་ཞིབ་དཔྱད་བསྡུར་བཤེར་དང་ཡོངས་བསྒྲགས་བྱས་པ་བརྒྱུད། སྡེ་བ་ཡོངས་ཀྱི་དུད་ཁྱིམ253གྲས་ཀྱི་དུད་ཁྱིམ97གྱི་མི497ལ་གཞན་སར་གནས་སྤོར་སྲིད་ཇུས་ལག་བསྟར་བྱས་ཤིང་། དེ་དག་ནི་ཚགས་བཙུགས་བྱང་སྒྲིག་བྱས་པའི་དབུལ་ཕོངས་དུད་ཁྱིམ་རེད།

གསར་དུ་འཛུགས་སྐྲུན་བྱས་པའི་གནས་སྤོར་བཀོད་སྒྲིག་ཁུལ་དེ། ཏག་ཏག་རྫོང་མཁར་དུ་ཡོད་པ་རེད། གྲལ་དག་པའི་བོད་ལུགས་གཞིས་གསར་ཕྲེང་བསྟར་སྒྲིག་ཡོད་པ་དང་། ཁོད་ཡངས་པའི་ཨར་འདམ་གྱི་ལམ་སྡེ་བར་ལས་ལ། དྭངས་གཙང་གི་རང་འབབ་ཆུ་དུད་ཁྱིམ་རེ་རེར་འཐེན་པར་མ་ཟད། སྡེ་བའི་ནང་དུ་ཉི་ནུས་ལམ་སྒྲོན་བཙུགས་ཡོད་པས། འགྲོ་འོང་བྱེད་དཀའ་ལ། གློག་སྤྱོད་དཀའ་བ་དང་། འཐུང་ཆུ་དཀོན་པ་བཅས་ཀྱི་གནད་དོན་རྩ་བ་ནས་ཐག་བཅད་ཡོད།

ཐོགས་འཇམ་གྱིས་འཐེན་སྒམ་ལས་གཏན་འཇགས་རྒྱུ་ནོར་བདག་དབང་གི་དཔང་ཡིག་དམར་པོ་དེ་ཕྱིར་བླངས། དེའི་སྟེང་དུ་འདི་ལྟར་གསལ་པོར་བྲིས་ཡོད་པ་སྟེ། ཁྲིམས་མཐུན་ཁེ་དབང་ཡོད་མཁན། ཐོགས་འཇམ། ཁྱིམ་རྒྱུད་ཀྱིས་སྤྱད་ཆོག་པའི་ས་ཞིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ250.87ཡོད། ཁང་པའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ98.3ཡོད། འགྲུབ་ཉིན་ནི2017ལོའི་ཟླ1པའི་ཚེས1ཡིན། ཐོགས་འཇམ་གྱིས་བཤད་རྒྱུར། ཁང་གསར་རྒྱག་དུས། ཁོ་ཚང་གིས་སྒོར་ཁྲི1ཙམ་མ་གཏོགས་སྤྲད་མེད་ལ། ལྷག་མ་ཡོད་ཚད་སྲིད་གཞུང་གིས་སྤྲད་པ་དང་། ཁང་པ་འགྲུབ་རྗེས་ར་སྐོར་དང་སྤྱོད་ཁང་། སྒོ་ཆེན་བཅས་ལས་པའི་སྐབས་སུ་སྲིད་གཞུང་གིས་ད་དུང་སྒོར་ཁྲི་གཉིས་ལྷག་གིས་ཁ་གསབ་བརྒྱབ་པ་ཡིན་ཟེར།

“སྡེ་མིས་སྲིད་གཞུང་གིས་མ་དངུལ་བཏང་སྟེ་ཁང་པ་ལས་སྟབས། ང་ཚོར་སྡོད་ཁང་གི་དཔང་ཡིག་སྟེར་མིན་སུས་ཤེས་ཞེས་དོགས་པ་སྐྱེ་བཞིན་ཡོད། ”ཐོགས་འཇམ་གྱིས་བཤད་རྒྱུར། དེའི་རྗེས་སྡེ་རྙིང་བཤིག་སྟབས། སྡེ་མི་རྣམས་ཀྱིས་ལྷག་ཏུ་སེམས་ཁྲལ་བྱས། “ད་ལྟ་དཔང་ཡིག་བྱིན་སྟབས། ང་ཚོ་ཚང་མའི་སེམས་བདེ་སོང་། ”

གཏན་འཇགས་རྒྱུ་ནོར་བདག་དབང་གི་དཔང་ཡིག་ཐོབ་མཁན་ནི་རྫོང་མཁར་དུ་གནས་སྤར་བའི་སྡོད་དམངས་ཁོ་ན་ཙམ་མིན་པར། སྤྱི་ལེ100ཡི་ཕ་རོལ་ན་ཡོད་པའི་ལྕི་ཉིན་སྲིབ་ཞང་གི་ཞང་ཀྲང་གཞོན་པ་བསྟན་པ་དོན་ཡོད་ཀྱིས་གཏན་འཇགས་རྒྱུ་ནོར་བདག་དབང་གི་དཔང་ཡིག158གཞན་སར་གནས་སྤར་བའི་འབྲོག་པ་མང་ཚོགས་ཀྱི་ལག་ཏུ་བྱིན།

“ང་ཚོའི་ཞང་གི་སྡེ་བ4ཉེ་སར་བཀོད་སྒྲིག་བྱས་ལ། བཀོད་སྒྲིག་སྡོད་ཁང་ཆེས་ཆུང་བ་སྨི་གྲུ་བཞི་མ25ཡོད་པ་དང་། ཆེས་ཆེ་བ་སྨི་གྲུ་བཞི་མ128ཡོད་ལ། སྐོར་བགོས་ཏེ2017ལོ་དང2018ལོར་བསྐྲུན་པ་ཡིན། བཀོད་སྒྲིག་ཁུལ་ཡོངས་ལ་ལམ་དང་། ཆུ། གློག་འཐེན་ཡོད་ལ། ལག་ཁྱེར་ཁ་པར་གྱི་བརྡ་རྟགས་ཁེབས་ཡོད། ད་ལྟ་དཔང་ཡིག་ཀྱང་བྱིན་སྟབས། མང་ཚོགས་ལྷག་ཏུ་ཡིད་ཚིམ་ཡོད།”བསྟན་པ་དོན་ཡོད་ཀྱིས་དེ་ལྟར་བཤད།

དེ་ལས་གཞན། གསར་འགོད་པས་གཞན་སར་དབུལ་སྐྱོར་གནས་སྤོར་བྱས་པའི་སྡོད་དམངས་ཀྱི་ལག་ཏུ་ཐོབ་པའི་གཏན་འཇགས་རྒྱུ་ནོར་བདག་དབང་དཔང་ཡིག་གི་ཟུར་བཀོད་ཚན་བྱང་གི་ནང་དུ། འཛུགས་སྐྲུན་ཐད་སྤྱད་པའི་ས་འདི་ནི་ཁང་སའི་རང་བཞིན(ཕན་བདེ)ཡིན། ཁང་པའི་བདག་དབང་རང་བཞིན་ནི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཡིན།རྩ་དོན་ལྟར་ན་ལོ20ཡི་ནང་དུ་གཏའ་མ་དང་། ཕྱིར་འཚོང་། བརྒྱུད་སྤྲོད(ཁྲིམས་ལྟར་ཤུལ་འཛིན་བྱེད་པ་ལས་གཞན)བཅས་བྱེད་མི་རུང་ཞེས་འགྲེལ་བཤད་གསལ་པོ་བྱས་པ་མཐོང་།

ནང་ཆེན་རྫོང་གཏན་འཇགས་རྒྱུ་ནོར་བདག་དབང་ཐོ་འགོད་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཚེ་རིང་ལྷ་རྩེ་ཡིས་བཤད་རྒྱུར། གཞན་སར་གནས་སྤར་ནས་སྡོད་ཁང་བཀོད་སྒྲིག་བྱས་པ་ནི། གཙོ་བོ་དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་ཆེད་ཡིན་ལ། ད་ཡོད་སྲིད་ཇུས་ལྟར་ན། དེའི་འགྲོ་རྒྱུག་ལ་ཚོད་འཛིན་བྱེད་མོད། འོན་ཀྱང་མ་འོངས་པར་སྲིད་ཇུས་འདི་ཉིད་ལེགས་སྒྲིག་བྱེད་ཀྱང་སྲིད།

“ད་ལྟ། རྫོང་ཡོངས་སུ་གཞན་སར་དབུལ་སྐྱོར་གནས་སྤོར་ལས་གཞི་བསྡོམས་པས་ཤར་མདའ་གྲོང་རྡལ་དང་། སྤྲེལ་རྫ་ཞང་། ལྕི་ཉིན་སྲིབ་ཞང་། ལྕི་ཆུ་ཞང་། སྡོམ་པ་ཞང་དང་ཉག་ར་ཞང་བཅས་ཀྱི་སྲིད་འཛིན་སྡེ་བ16གི་དུད་ཁྱིམ1199ཡི་མི5907ལ་ཁེབས་ཡོད་པ་དང་། དེའི་གྲས་སུ་གཅིག་བསྡུས་བཀོད་སྒྲིག་སྡོད་ཁང893དང་། ཁ་ཐོར་བཀོད་སྒྲིག་སྡོད་ཁང306ཡོད། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་སྣང་བཅས་ཇེ་ཆེར་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱས་པ་བརྒྱུད། ང་ཚོས་སྒྲུབ་ཐུབ་པ་ད་དུང་མང་པོ་ཡོད”ཅེས་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་གཡུལ་རྒྱལ་གྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།