ཚ་གདུག་འོག་གི་འགྲིམ་འགྲུལ་ཉེན་རྟོག་པ།

ཉི་མའི་ཚ་ཟེར་གྱི་འོག་ཏུ། བྱ་བའི་ལས་ཡུལ་དང་པོ་རུ་འབད་འཐབ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་ཀྱིན་ཡོད།

བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་ས་ཆར་ཆར་བ་མ་བབས་པར་གནམ་གཤིས་ཇེ་དྲོར་སོང་ཡོད།ཉི་མའི་ཚ་བ་ཇི་ལྟར་ཆེ་ན་ཡང་པདྨ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་གྱི་འགག་མདོ་བརྟན་སྲུང་བྱས་ཏེ།གཞུང་ལམ་གྱི་བདེ་འཇགས་འགན་སྲུང་བྱེད་ཀྱིན་ཡོད་པས་ཁོ་ཚོའི་བཀོད་འདོམས་ཀྱི་ལག་བརྡ་རེ་རེ་ནི་ཅི་འདྲའི་ཉམས་དང་ལྡན་པ་ཞིག་རེད་ཨང་།

གདོང་ན་རྔུལ་ཆུ་བཞུར་བཞིན་སྟོད་གོས་ཀྱི་གོང་བའི་ངོས་ལ་ཚི་དྲེག་ཆགས་ཏེ་འོག་འཇུག་རློན་པར་གྱུར་པ་ནི་རྒྱུན་རྣམ་ཞིག་ཡིན་ཞིང་། རྔུལ་ཆུ་དང་སྤྲོ་སེམས་ལ་བརྟེན་ནས་འགྲིམ་འགྲུལ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་ཁོ་ཚོའི་བྱས་རྗེས་ཤིག་ཅི་ལ་མིན།

པདྨ་རྫོང་ལ་མཚོན་ན།ཟླ6པར་ཕྱི་ཡོང་གི་གནས་སྐོར་པ་ཇེ་མང་ཡིན་པས།མཁར་གྲོང་གི་བཞི་མདོ་རུ་ལངས་ནས།འགྲིམ་འགྲུལ་ལམ་སྟོན་དང་སྐོར་ཞིབ་བཅོས་སྐྱོང་བྱ་འགུལ་སྤེལ་ཞིང་།བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་ཀྱིན་ཡོད།

རྫོང་སྲིད་གཞུང་དུ་འགྲུལ་པ་བསྐྱལ་ནས་ཕྱིར་ལོག་བཞིན་པའི་གླ་གཏོང་རླངས་འཁོར་ཁ་ལོ་པ་འགྲོ་མགོན་ནི་ས་གནས་དེའི་མང་ཚོགས་ཤིག་ཡིན།ཉིན་རེར་གླ་གཏོང་བྱས་ཏེ་ཡོང་སྒོ་སྒོར300ལྷག་བཙལ་བཞིན་ཡོད།ཁོས་བཤད་རྒྱུར།“སྔོན་ཆད་དང་བསྡུར་ན་འགྲིམ་འགྲུལ་སྒྲིག་ལམ་བཟང་བ་དང་།ཁོ་ཚོས་སྐོར་ཞིབ་བྱས་ནས་སྒྲིག་ལམ་ལེགས་པར་བཟུང་བས་ང་ཚོར་སྟབས་བདེ་གང་མང་བསྐྲུན་ཡོད།”

ཚ་གདུག་གི་ཉི་འོད་འོག་འགྲིམ་འགྲུལ་ཉེན་རྟོག་པའི་གདོང་ན་རྔུལ་ཆུ་ཕྲོམ་ཕྲོམ་བཞུར་གྱིན་འདུག འགྲིམ་འགྲུལ་ཉེན་རྟོག་པ་སྙིང་བྱམས་རྒྱལ་གྱིས་བཤད་རྒྱུར། 

“འདི་ནི་ང་ཚོའི་འགན་འཁྲི་ཡིན་པས།ང་ཚོས་ངེས་པར་དུ་བརྟན་སྲུང་བྱེད་དགོས་ཤིང་། རླངས་འཁོར་གྱི་འགྲོ་འོང་བརྟན་ལ་གོ་རིམ་ལྡན་པ་དང་འགྲིམ་འགྲུལ་བདེ་འཇགས་ཤར་བགྲོད་ཐུབ་ཚེ།ད་གཟོད་རང་ཉིད་ལས་རྐང་ཐོག་ན་ཡོད་པ་ཤེས་ཡོད”ཟེར།

ཁོ་ཚོས་བཅོས་སྐྱོང་གཙོ་གནད་དུ་བཟུང་ནས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་།ཆང་རག་འཐུང་ནས་རླངས་འཁོར་བསྐོར་བར་རྡུང་རྡེག་བྱེད་པ།ཟོང་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་ཐལ་རྡུལ་འགོག་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་སྒྲིག་འགལ་དང་འུར་ཟིང་བཅོས་སྐྱོང་བྱེད་པ། གློག་སྒུལ་འཁོར་རིགས་ལ་ཞོན་པར་བདེ་འཇགས་ཞྭ་མོ་ཡོད་མེད་དང་།འཕྲུལ་རྟའི་རིགས་ལ་ཨང་རྟགས་ཡོད་མེད་བཅས་ལ་ཞིབ་བཤེར་བྱེད་ཀྱིན་ཡོད།

དེང་སྐབས་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ནས་ཁྱིམ་ཚང་རེར་རླངས་འཁོར་རེ་ཡོད་པས་རླངས་འཁོར་ཇེ་མང་ཡིན་ལ་བདེ་འཇགས་ཀྱི་ཉེན་ཁ་ཡང་ཇེ་མང་ཡིན་པས་ཁོ་ཚོས་སྔར་བས་ཤུགས་རྒྱག་གིན་ཡོད།

ཐེངས་རེར་འཕྲུལ་སྒུལ་རིགས་བརྒྱ་ལྷག་ལ་ཁ་ལོ་བའི་དཔང་ཡིག་ཡོད་མེད་ཞིབ་བཤེར་དང་ཉེན་ཟོན་སྐ་རགས་བཅིངས་དགོས་པར་དྲན་སྐུལ་བྱེད་དགོས།ལམ་སྟོན་བྱེད་བཞིན་པའི་ན་གཞོན་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་གིས་བཤད་རྒྱུར།ཉིན་རེའི་སྐོར་ཞིབ་ནི་མེད་དུ་མི་རུང་བ་ཞིག་ཡིན། མཛུབ་སྟོན་མང་དུ་བྱས་ཚེ་ཉེན་ཁ་གཅིག་ཇེ་ཉུང་དུ་འགྲོ་བ་དང་།དེ་ནི་ཁོ་ཚོའི་འགན་འཁྲི་ཡིན་ལ་འོས་འགན་ཡང་ཡིན་ཟེར།

རྒྱུན་པར་རླངས་འཁོར་དང་ལམ་འགྲོ་བའི་བདེ་འཇགས་ཀྱི་ཆེད་དུ།འགྲིམ་འགྲུལ་ཉེན་རྟོག་པས་རང་ཉིད་ཀྱི་བྱ་བའི་ལས་གནས་བརྟན་པོར་སྲུང་ཡོད། རྒྱུས་ལོན་པ་ལྟར་ན།འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་པདྨའི་ཉམས་མྱོང་དང་སྦྱར་ནས།ལམ་ངོས་ཀྱི་འགྲིམ་འགྲུལ་ཤར་བགྲོད་ཐུབ་པ་དང་གོ་རིམ་ལྡན་པ་ཡོང་ཆེད། འགྲིམ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཉེན་རྟོག་པ་ཉིན་རྒྱུན་དུས་ཐོག་ཏུ་འབྱོར་ནས་བཞི་མདོ་རུ་ལམ་སྟོན་དང་ལམ་རྒྱུད་དུ་སྐོར་ཞིབ་དོ་དམ་ཚོད་འཛིན་བྱས་པ་རེད། དེ་དང་ཆབས་ཅིག་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོར་སྐོར་ཞིབ་དང་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་ཀྱི་ལས་དོན་བཀོད་སྒྲིག་བྱས་ནས།དཔལ་ཡོན་ལྡན་པའི་པདྨའི་མཁར་གྲོང་འཛུགས་སྐྲུན་ཐད་འགྲིམ་འགྲུལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།