ཁོ་ཚོ་ནི་ཆེས་མཛེས་པའི་ཁོར་ཡུག་གཙང་སྦྲ་པ་ཡིན།

ཞོགས་པའི་ཆུ་ཚོད6པ་སྟེ།ནམ་གསལ་ལེར་སྐྱ་མདའ་འགྱོགས་དུས།པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་སྲང་ལམ་ཡོངས་སུ་གློག་འོད་ཁྲ་ཆིལ་དགུ་ཆིལ་དུ་མཐོང་བས་གྲོང་ཁྱེར་ཆེན་པོ་ཞིག་དང་ཀུན་ནས་མཚུངས།

རྫོང་མཁར་གྱི་སྲང་ལམ་གཙོ་བོ་སྟེ་མི་དམངས་ལམ་གྱི་སྣེ་མོ་རུ་ལག་ཏུ་ཕྱགས་མ་ཐོགས་པའི་མི་སྐོར་ཞིག་ཁོར་ཡུག་གཙང་སྦྲའི་ལས་ལ་བྲེལ་བཞིན་ཡོད།

“ཤག ཤག”ཅེས་པའི་གཙང་སྦྲ་བྱེད་བཞིན་པའི་ཕྱགས་མའི་སྒྲ་དང་ཕར་འགྲོ་ཚུར་འོང་གི་རླངས་འཁོར་རེ་ཟུང་གི་དུང་སྒྲ་མ་གཏོགས་གྲགས་མེད་དུ་གནས།

ཀྲུང་གོའི་ཆེས་མཛེས་པའི་མཁར་གྲོང་དུ་གྲགས་པའི་མདོག་གསུམ་པདྨ་རྫོང་དུ།ལུས་ལ་ལྭ་བ་དམར་སེར་གྱོན་པའི་ཁོར་ཡུག་གཙང་སྦྲ་པ་སྐོར་ཞིག་གིས་ཁོར་ཡུག་གཙང་ཕྱགས་བྱེད་པར་འབད་བཞིན་པ་མཐོང་དུས།ཁོ་ཚོ་ནི་གྲོང་ཁྱེར་འདིའི་ཆེས་མཛེས་པའི་ཁོར་ཡུག་གཙང་སྦྲ་པ་ཡིན་པ་གཞི་ནས་རྟོགས་ཡོང་།

པདྨ་རྫོང་མཁར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང388ཡོད་པའི་སེ་ལེ་ཐང་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་པ43ལྷག་གིས་ཉིན་མཚན་དབྱེར་མེད་དུ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྤྱི་ཚོགས་ལ་འཚོ་གནས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་གྱིན་ཡོད།

ཁོ་ཚོས་ཉིན་རེར་ཐེངས་གསུམ་ལ་ཁོར་ཡུག་གཙང་སྦྲ་བྱེད་བཞིན་ཡོད་དེ།ཞོགས་པའི་དུས་ཚོད6ནས9བར་དང་།ཉིན་གུང་གི་དུས་ཚོད12ནས2པའི་བར།ཕྱི་དྲོའི་དུས་ཚོད5པ་ནས7པའི་བར་སྲང་ལམ་གྱི་ག་ས་གང་དུ་གད་སྙིགས་འཐུ་བ་དང་རྩྭ་ལྡུམ་འབལ་བཞིན་ཡོད།

ཁོ་ཚོས་འདི་ལྟར་ནངས་སྔ་ལངས་བྱེད་པའི་དམིགས་ཡུལ་ནི་པདྨ་རྫོང་གི་མི་རྣམས་མལ་ལས་ལངས་དུས་དྭངས་གཙང་གི་ཁོར་ཡུག་ཅིག་མཐོང་ཐུབ་པ་དང་།མཁའ་དབུགས་གཙང་མ་ཞིག་རྔུབ་ཐུབ་པའི་ཆེད་དུ་ཡིན།

ཁོར་ཡུག་གཙང་སྦྲ་པས་ཉིན་རེ་བཞིན་དཀའ་བ་ཁྱད་གསོད་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁྲོམ་ལམ་ཆེ་ཆུང་གང་དུ་གད་སྙིགས་མཐོང་རྒྱུ་ཡོད་པ་ལས་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་དཀའ་ངལ་ལ་རྒྱུས་མངའ་མེད་པར་མ་ཟད།ཁོ་ཚོའི་བྱ་སྤྱོད་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད་པ་ནི་རང་སེམས་ལ་གད་བདར་ཐེངས་ཤིག་བྱེད་དགོས་པ་ཅི་ལ་མིན།

ཁོ་ཚོའི་ཁྲོད་དུ།ལོ་ན་དྲུག་ཅུ་ཡས་མས་ཀྱི་རྒན་རྒོན་ཡོད་ལ།ལོ་ཉི་ཤུ་ཡས་མས་ཀྱི་ཕོ་གསར་མོ་གསར་ཡང་ཡོད།ཁོ་ཚོས་དབྱར་གྱི་ཚ་བ་དང་དགུན་གྱི་གྲང་ངར་ལ་མི་འཛེམས་པར་ཁོར་ཡུག་གཙང་སྦྲའི་ལས་ལ་འབད་ནས་ལས་རྐང་དང་གཏན་ནས་ཁ་བྲལ་མ་མྱོང་།

“ཁོ་ཚོ་ནི་མཁར་གྲོང་མཛེས་བཟོ་མཁན་ཡིན་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་སྐྲུན་མཁན་ཡང་ཡིན་པས་ང་ཚོས་གཙང་སྦྲ་བྱེད་མཁན་ལ་བསྔགས་བརྗོད་བྱེད་འོས།”པདྨ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཆོན་གྱིས་དེ་ལྟར་བཤད།

ང་ཚོ་མི་སུ་ཡིན་རུང་།ལུས་ལ་གོས་ལྭ་གཙང་མ་ཞིག་གྱོན་ནས་རང་ཉིད་ཀྱི་ལས་གནས་སུ་འགྲོ་སྐབས་གཙང་ཞིང་གྲ་དག་པའི་ཁོར་ཡུག་དེ་འདྲ་ཞིག་ཡོད་པ་ནི་ཁོ་ཚོ་དང་ཁ་འབྲལ་ཐབས་མེད་པ་དང་།གྲོང་ཁྱེར་གྱི་བདེ་ཐང་ཡང་དེ་ལས་མ་འདས།ཁོ་ཚོ་ནི་གྲོང་ཁྱེར་མཛེས་བཟོ་བྱེད་མཁན་གྱི་ཁྱིམ་གཞི་ཆེན་མོའི་ཁོངས་མི་ཡིན་པ་ངང་གིས་ཚོར་ཐུབ།

མི་གཞན་པས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་།ཁྱིམ་མི་གང་པོ་དང་ལྷན་དུ་འཛོམས་ནས་དགའ་སྤྲོའི་དཔལ་ལ་རོལ་སྐབས།ཁོ་ཚོས་ལག་ཏུ་ཕྱགས་མ་ཐོགས་ནས་གད་སྙིགས་གཙང་སེལ་བྱེད་ཀྱིན་ཡོད་ལ།མཁར་གྲོང་འདིའི་ཁོར་ཡུག་གཙང་སྦྲའི་ཆེད་དུ།ཁོ་ཚོས་དོན་དག་མང་པོ་མང་པོ་ཞིག་བློས་བཏང་མྱོང་།

“ང་ཚོའི་བྱ་བ་འདིར་མི་མང་པོ་ཞིག་གིས་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད་ནའང་།མཁར་གྲོང་གི་ཁོར་ཡུག་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཐུབ་ན་དཀའ་སྡུག་ཅི་འདྲ་མྱོང་དགོས་ཀྱང་ཕངས་སེམས་མེད”ཅེས་མཁར་ལྷོའི་ལམ་གྱི་ཁོར་ཡུག་གཙང་སྦྲའི་དོ་དམ་པ་དཔལ་དགེ་ཡིས་གསར་འགོད་པར་དེ་ལྟར་བཤད།

ང་ཚོས་མཁའ་དབུགས་གསར་པ་རྔུབ་བཞིན།དག་གཙང་གི་ལམ་འགྲམ་དུ་འཆམ་འཆམ་ལ་འགྲོ་སྐབས།མཁར་གྲོང་འདི་ཧ་ཅང་མཛེས་པར་འདོད་མོད།འོན་ཀྱང་སུ་ཞིག་གིས་མཁར་གྲོང་འདི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་པ་བརྗེད་ག་ལ་རུང་།ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱིས་མཁར་གྲོང་མཛེས་པར་བསྒྱུར་བ་དང་།གཙང་སྦྲར་བཟུང་བའི་རྣམ་འགྱུར་ལས་ཁོ་ཚོ་ཉིན་རྒྱུན་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ།གྲོང་ཁྱེར་གྱི་ག་ས་གང་དུ་ངལ་རྩོལ་རོལ་དབྱངས་དཀྲོལ་གྱིན་པའི་བླ་མེད་བྱ་སྤྱོད་ལ་གོང་བཀུར་བྱེད་འོས།དེ་ལྟར་ཉིན་གཅིག་གི་ལས་ཀ་མཇུག་རྫོགས་ནས་ཕྱི་དྲོའི་དུས་ཚོད7ལ་སླེབས་དུས།ཉི་འོད་ནུབ་རིའི་ཕག་ཏུ་ནུབ་ལ་ཉེ་ནའང་ཁོར་ཡུག་གཙང་སྦྲ་པ་དཔལ་དགེ་ཡི་གདོང་ལ་འཛུམ་གྱིས་ཁེངས་ཞོར་ཁོར་ཡུག་གཙང་སྦྲ་བྱེད་ཀྱིན་འདུག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།