ཀྲང་ཧོང་ཡོན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྫོང་དང་ཡུལ་ཚོའི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་བྱ་བར་རྟོག་ཞིབ་དང་འཛུབ་སྟོན་བྱས་པ་དང་། སོ་སོར་བཞུགས་མོལ་ཚོགས་འདུ་བསྡུས།

ཡུས་ཧྲུའུ་གྲོང་ཁྱེར་རགས་སྨད་གྲོང་བརྡལ་དང་རིན་པོ་གྲོང་བརྡལ་ནས་ཀྲང་ཧོང་ཡོན་གྱིས་ནན་ཏན་སྒོས་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་ཁྱབ་བསྒྲགས་དང་འདེམས་ཁུལ་དགར་བ། འདེམས་དམངས་ཐོ་འགོད། འདེམས་ཤོག་འཕེན་པ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དཀའ་ཁག་དང་གནད་དོན་ཞིབ་འདྲི་བྱས། རྨ་ཆེན་རྫོང་རྟ་བོ་གྲོང་བརྡལ་དུ་ཀྲང་ཧོང་ཡོན་གྱིས་འབྲེལ་ཡོད་ཡིག་ཆར་ལྟ་ཞིབ་བྱས་ཏེ་ཁག་རྗེས་མའི་གཙོ་གནད་ཚན་པ་དང་མཉམ་འཇོག་བྱེད་དགོས་པའི་དོན་ཚན་སྐོར་ལ་འཛུབ་སྟོན་བྱས།

ཀྲང་ཧོང་ཡོན་གྱིས་ཁུལ་གཉིས་ཀྱི་རྫོང་དང་ཡུལ་ཚོའི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྐབས་བརྗེའི་འདེམས་བསྐོའི་བྱ་བའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་དགོས་པ་དང་། བསམ་བློའི་གོ་རྟོགས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ལ། སྐབས་བརྗེའི་འདེམས་བསྐོའི་བྱ་བར་བསམ་བློའི་རྨང་ཡག་པོ་འདིང་དགོས། ཏང་གི་མགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་རྩ་འཛུགས་དང་མཐུན་སྦྱོར་ནན་མོ་བྱས་ཏེ། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ཁྱབ་བརྡལ་དུ་བཏང་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་དམངས་ཆེན་གྱི་ལས་རིགས་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པར་ཁག་ཐེག་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་དགོས། དུས་ཚོད་ལྟར་ཁྲིམས་ལྟར་སྐུལ་འདེད་ནན་མོ་གཏོང་བ་དང་འདེམས་ཁུལ་དགར་བ། འདེམས་དམངས་ཐོ་འགོད། ཐོབ་ཐང་ཞིབ་བཤེར། འདེམས་ཤོག་འཕེན་པ། སྒྲིག་ལམ་ཞིབ་བཤེར་གྱི་བྱ་བ་ནན་ཏན་གྱིས་སྒྲུབ་ནས་གོ་རིམ་ཚད་ལྡན་དང་མཇུག་འབྲས་ཁྲིམས་མཐུན་ཡིན་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དོན་འཁྱོལ་བཟང་བོ་བྱས་ནས་ཆབ་སྲིད་དང་སྤུས་ཚད། སྒྲིག་སྲོལ་བཅས་ཀྱི་འགག་སྒོ་དམ་སྲུང་བྱས་ཏེ་སྐབས་བརྗེའི་སྒྲིག་ལམ་ནན་མོར་འཛིན་པ་དང་ཉེན་ཁ་བཀག་འགོག་བྱས་ནས་འཐུས་མི་དང་མགོ་ཁྲིད་བཟང་བོ་འདེམས་དགོས།

 རྟོག་ཞིབ་རུ་ཁག་གིས་ཡུལ་ཚོ་དང་གྲོང་བརྡལ་གྱི་གཞུང་སྒྲུབ་ཁང་གཉིས་དང་དྲ་རྒྱའི་སྟེགས་བུ་གཅིག་གི་འཛུགས་སྐྲུན་དང་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་གནས་ཚུལ་བཅས་ལ་ཆེད་དོན་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།