མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ་ལྔ་བའི་བར་གྱི་བཟོ་ལས་དཔལ་འབྱོར་སྐུལ་སྤེལ་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ་ལྔ་བའི་ནང་གི་བཟོ་ལས་དཔལ་འབྱོར་སྐུལ་སྤེལ་བྱ་བའི་གྲོས་ཚོགས་བསྡུས་ནས། ཟླ་དང་པོ་དང་ཟླ་ལྔ་བའི་བར་གྱི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྤྱི་སྡོམ་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ལ། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་ཧྲིལ་བོའི་དམིགས་འབེན་དམ་འཛིན་ལྷོད་མེད་བྱེད་པ་དང་། རང་འགུལ་སྒོས་བརྩོན་ལེན་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ། འཁོར་སྐྱོད་དང་དངུལ་གཏོང་། ཚོང་བསྡུ་བཅས་གཙོ་ཐིག་གསུམ་དམ་འཛིན་བྱེད་པ། རྒྱུ་རྐྱེན་གྱི་འགན་སྲུང་འབུར་དུ་ཐོན་པར་བྱེད་པ། ལས་གཞི་འཛུགས་སྐྲུན་མྱུར་དུ་སྤེལ་བ། ཚོང་འགུག་དངུལ་འདྲེན་བྱེད་པ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། གྲུབ་འབྲས་བཟང་བོས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་ཏེ། ཧུར་ཐག་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཟླ་དང་པོ་ནས་ཟླ་ལྔ་བའི་བར། ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། དཀའ་ངལ་ཁྱད་སེལ་དང་དཀའ་སྤྱད་མདུན་སྐྱོད་བྱས་པས། བཟོ་ལས་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་། བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་བ་དང་། སྤུས་ཚད་དང་ཕན་འབྲས་བརྟན་བརླིང་ངང་ཇེ་མཐོར་སོང་ལ། གཏན་འཇགས་སྒོས་འཕར་སྣོན་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དུས་ཚོད་དང་ལས་འགན་ཕྱེད་ཀ་མངོན་འགྱུར་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་་གི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ལ་དམིགས་ནས། བཟོ་ལས་དཔལ་འབྱོར་གྱི་འཕར་སྣོན་གཏན་འཇགས་སུ་གཏོང་དགོས། ཕན་འབྲས་ལ་དོ་སྣང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་བཟང་བོར་བསྒྲུབ་དགོས། སྲིད་ཇུས་གནད་ལ་འཁེལ་བ་སྤྱད་དེ། ཁེ་ལས་འཕེལ་རྒྱས་སུ་གཏོང་བར་ཕན་པའི་ཁོར་ཡུག་བསྐྲུན་དགོས། རྟོག་སེལ་ཟབ་མོ་བྱས་ནས། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།