འབྲོང་ཉིས་བརྒྱ་ལྷག་གཙང་གསུམ་འབྱུང་ཡུལ་དུ་རྒྱུ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཤང་ངམ་ར་སྡེ་བའི་རུ་ཆུང་ལྔ་པའི་སྐྱེ་ཁམས་སྲུང་སྐྱོང་པ5ཡིས་ས་བབ་སྨི4700ལྷག་ཡོད་པའི་མཐོ་སྒང་ཕྱུགས་རར་སྐོར་ཞིབ་བྱེད་སྐབས། འབྲོང200ལྷག་གིས་རི་བོ་བརྒལ་བའི་བརྗིད་ཉམས་ལྡན་པའི་རྣམ་པ་མཐོང་། 

འབྲོང་ནི་ནོར་གནག་དང་རིགས་གཅིག་པའི་རི་དྭགས་ཤིག་ཡིན་ལ། དེའི་རྐང་ལག་བཞིར་སྟོབས་ཆེ་ཞིང་། ལུས་ལ་རྩིད་པ་རིང་པོ་སྐྱེས་ཡོད། གཤིས་རྒྱུད་རྩུབ་ཅིང་འཐབ་ལ་མཁས། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གླང་རིགས་ཡིན་ཞིང་། ས་བབ་སྨི3000ནས6000བར་གྱི་རི་མཐོ་ས་དང་རྩྭ་མོད་སར་འཚོ་ལ། རྒྱུན་པར་མི་མེད་པའི་རི་མཐོན་པོ་དང་། གཞོང་ས། རྩྭ་ཐང་། མྱ་ངན་ཐང་སོགས་ཁོར་ཡུག་འདྲ་མིན་ཁྲོད་འཚོ་སྡོད་བྱེད་པ་ཡིན། འབྲོང་ནི་རྩྭ་གཟན་ཡིན་པ་དང་། ཞིན་ཅང་གི་ལྷོ་རྒྱུད་དང་། མཚོ་སྔོན། བོད་ལྗོངས། ཀན་སུའུ་ཡི་ནུབ་བྱང་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་སོགས་སུ་ཡོད། རྒྱལ་ཁབ་ཀྱི་རིགས་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་སུ་གཏོགས། 

ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་པས་ངོ་སྤྲད་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་འབྱུང་ཁུངས་གླིང་ཁུལ་ནི་འབྲོང་གི་འཚོ་གནས་ཆེས་ཆེ་བའི་གྲས་ཀྱི་གཅིག་ཡིན་ཞིང་། ལོ་རེའི་དབྱར་ཁའི་དུས་སུ། གནས་འདིར་འབྲོང་བརྒྱ་ཕྲག་ལྷག་སླེབས་ཡོང་། སྐྱེ་ཁམས་སྲུང་སྐྱོང་པ5ཡིས་ཉིན་བཅུར་འབྲོང་ཁྱུའི་རྗེས་འབྲང་སྟེ། འབྲོང་གི་འཚོ་བའི་གོམས་གཤིས་ལ་ལྟ་རྟོག་དང་ཟིན་ཐོར་དགོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།