མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་རྨ་སྟོད་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ལ་བརྙན་འཕྲིན་འཕྲུལ་ཆས120ཞལ་འདེབས་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་རྨ་སྟོད་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་ལ་བརྙན་འཕྲིན་འཕྲུལ་ཆས120དང་ཐད་གཏོང་སྲུང་སྐར་བསྡུ་ལེན་སྒྲིག་ཆས120སོགས་ཀྱི་ཞལ་འདེབས་ཕུལ་བས། དེ་ནི་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་རྒྱུན་ལྡན་གྱི་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཅིག་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་གི“5·22”ས་འགུལ་བྱུང་རྗེས་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་འཕྲལ་དུ་འགུལ་སྐྱོད་བྱས་ཏེ། ས་འགུལ་གྱི་གནོད་འཚེ་ཐེབས་པའི་དབང་གིས་རླུང་འཕྲིན་བརྙན་འཕྲིན་ལ་ཆག་སྐྱོན་བྱུང་བར་ཞིག་གསོ་བྱས་པ་དང་། རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་དང་དེ་བཞིན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་འཕྲལ་མར་ནུས་པ་ལྡན་པའི་བྱེད་ཐབས་སྤྱད་དེ་རླུང་འཕྲིན་བརྙན་འཕྲིན་གྱི་རྒྱང་སྒྲོག་སྒྲིག་ཆས་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ལ། ཏང་དང་སྲིད་གཞུང་གི་འབོད་སྐུལ་འཕྲལ་མར་གནོད་ཐེབས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཁྱབ་པར་བྱས་ནས། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་བ་ཞུ་ཆེད། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་མཐུན་སྦྱོར་ཧུར་ཐག་དང་ཕྱོགས་མང་པོ་ནས་གྲ་སྒྲིག་བྱས་ཏེ་རྨ་སྟོད་ཀྱི་གནོད་ཐེབས་ལས་བྱེད་པ་དང་མང་ཚོགས་ལ་བརྙན་འཕྲིན་དང་དེ་བཞིན་ཐད་གཏོང་སྲུང་སྐར“གྲོང་ཚོ་རེར་ཤར་གཏོང”བྱེད་པའི་སྒྲིག་ཆས་ཆ་ཚང120ཐག་གཅོད་བྱས་པས། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་ཚོར་བ་དང་། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྣམ་པ་ཡག་པོ་མཐོང་ཐུབ་པར་འགན་ལེན་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བ་ནས་བཟུང་། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་ཤེས་རྟོགས། བྱ་བ་དངོས་སྒྲུབ་པ། མགོ་གསར་པ་འཛུགས་པ”བཅས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་དཀའ་གནད་དང་། མང་ཚོགས་ཀྱི་སེམས་བདེ་བ། མང་ཚོགས་ལ་དྲོད་ཁོལ་སྦྱིན་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་སེལ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་། མིག་སྔའི་བར་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དང་། རྨ་ཆུ་ཤང་བོད་ཡིག་བཅའ་སྡོད་ལམ་ལུགས་སློབ་གྲྭ་དང་རྨ་སྟོད་རྫོང་མི་རིགས་སློབ་ཆུང་སོགས་སློབ་གྲྭ་ལྔ་ལ་སྒོར་ཁྲི10ལྷག་ཙམ་གྱི་དྲོད་སྲུང་གྱོན་ཆས་དང་། ཉལ་ཁུག  ལེའུ1000ལྷག་ཙམ་གྱི་འགུལ་རིས་སྐད་སྒྱུར་ལེ་ཚན་གྱི་འོད་སྡེར་སོགས་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།