མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམའ་འབྲིང་མཐར་ཕྱིན་དང་སློབ་རིམ་འཕར་བའི་ཡིག་རྒྱུགས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། 2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམའ་འབྲིང་མཐར་ཕྱིན་དང་སློབ་རིམ་འཕར་བའི་ཡིག་རྒྱུགས་དངོས་སུ་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ལོ་རིམ་དགུ་པའི་སློབ་མ་ཁྱོན་བསྡོམས་པས73854དམའ་འབྲིང་མཐར་ཕྱིན་དང་སློབ་རིམ་འཕར་བའི་ཡིག་རྒྱུགས་ནང་ཞུགས་པ་དང་། ལོ་རིམ་བརྒྱད་པའི་སློབ་མ74466སྦྱངས་འབྲས་ཆུ་ཚད་ཡིག་རྒྱུགས་ནང་ཞུགས་ཤིང་། བསྡོམས་པས་སློབ་མ148320ཡིག་རྒྱུགས་ནང་ཞུགས། ཞིང་ཆེན་ཡོངས་སུ་རྒྱུགས་སྤྲོད་ས་ཚིགས102དང་རྒྱུགས་ར3012(གྲ་སྒྲིག་རྒྱུགས་ར་དང་རིམས་འགོག་རྒྱུགས་ར་ཚུད)བཙུགས་ཡོད། མིག་སྔར་ས་གནས་ཁག་གི་ཡིག་རྒྱུགས་རྩ་འཛུགས་ལས་དོན་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམའ་འབྲིང་མཐར་ཕྱིན་དང་སློབ་རིམ་འཕར་བའི་ཡིག་རྒྱུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དང་རྨ་སྟོད་རྫོང་གི་ས་འགུལ་ས་ཁུལ་གྱི་འབྲིང་རྒྱུགས་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱེད་པར། ཞིང་ཆེན་སློབ་གསོ་ཐིང་གིས《2021ལོའི་དམའ་འབྲིང་གི་མཐར་ཕྱིན་དང་སློབ་རིམ་འཕར་བའི་ཡིག་རྒྱུགས་ལས་དོན་ལེགས་པར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྒྱུགས་སྤྲོད་བཀོད་སྒྲིག་དང་། ཡིག་རྒྱུགས་དོ་དམ། རིམས་ནད་སྔོན་འགོག་ཚོད་འཛིན། རྒྱུགས་ཤོག་ལེན་པ་སོགས་ཀྱི་ལས་དོན་ཐད་བླང་བྱ་དང་བཀོད་སྒྲིག་ཁ་གསལ་བཟོས། བརྗོད་གཞིའི་སྤུས་ཚད་ལ་འགན་ལེན་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སློབ་གྲྭ་ཁག་ལ་ཁ་ཕྱོགས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། སློབ་ཁྲིད་ཀྱི་ཡོན་ཚད་མཐོ་བ། དགེ་རྒན་གྱི་ཀུན་སྤྱོད་བཟང་པ་བཅས་ཀྱི་ཆེད་མཁས་པ70གདམ་གསེས་བྱས་ཏེ། མཐོ་རྒྱུགས་གདེང་འཇོག་གི་ཕྱོགས་སྟོན་ནུས་པ་ཡང་དག་སྒོས་འདོན་སྤེལ་གང་ལེགས་བྱས། ཡིག་རྒྱུགས་མ་བླངས་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་ཤར་གྲོང་ཁྱེར་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འབྲིང་རྒྱུགས་ལས་དོན་སྤེལ་ཚུལ་ལ་ཡུལ་དངོས་སུ་འཐེན་བཤེར་བྱས་ནས་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས། ས་གནས་ཁག་ལ་རྒྱུགས་ཤོག་དཔྱད་བསྡུར་ལས་དོན་གྱི་རྩ་འཛུགས་མགོ་ཁྲིད་དང་། རིམས་འགོག་བདེ་འཇགས། མི་སྣ་གདན་ཞུ། ས་ཆ་སྒྲིག་སྦྱོར། འཕྲུལ་ཆས་ལྟ་ཀློག་བྱང་བུ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཐད་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུགས་ཤོག་དཔྱད་བསྡུར་དོ་དམ་གྱི་ཚད་གཞི་གོ་རིམ་ལྡན་པ་དང་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་ངང་རྒྱུགས་ཤོག་དཔྱད་བསྡུར་དང་གྲུབ་འབྲས་ཡོངས་བསྒྲགས་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།