ཨ་མདོ་བརྙན་འཕྲིན་གྱི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་བའི་སྙན་ངག་གྱེར་འདོན་དགོང་ཚོགས་ཀྱི་བརྙན་ཕབ་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་།

221111.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས20ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྙན་ངག་གྱེར་འདོན་གྱི་དགོང་ཚོགས་ཆེན་མོ《སྙན་འགྱུར་ངག་གི་མཆོད་དབྱངས》ཞེས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་ཕབ་སྐྲུན་ལེགས་པར་གྲུབ། མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་བོད་འབྲེལ་ས་གནས་སོ་སོ་ནས་ཕེབས་པའི་གྱེར་འདོན་པ་རྒན་དར་གཞོན་གསུམ་མི90ལྷག་གིས་བོད་ཀྱི་ཚད་ལྡན་སྙན་ངག་གྱེར་འདོན་བྱས་ཏེ། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུས།

5555444.jpg

སྙན་ངག་གྱེར་འདོན་དགོང་ཚོགས་ཆེན་མོ《སྙན་འགྱུར་ངག་གི་མཆོད་དབྱངས》ལ་གུང་ཁྲན་ཏང་དང་རླབས་ཆེ་བའི་མེས་རྒྱལ། རིགས་སོ་སོའི་མི་དམངས་ལ་བསྟོད་པའི་དུས་རབས་ཀྱི་འགྱུར་ཁུགས་མངོན་པར་གསལ་ལ། གྱེར་འདོན་དགོངས་ཚོགས་ལེའུ་གསུམ་གྱིས་གྲུབ་ཅིང་། དང་པོ《ང་དང་ང་ཡི་མེས་རྒྱལ》གཉིས་པ 《ང་དང་ང་ཡི་དུས་རབས》གསུམ་པ《 ང་དང་ང་ཡི་ཕ་ཡུལ》བཅས་སུ་བགོས་ཡོད།

00099.jpg

སྙན་ངག་གྱེར་འདོན་དགོང་ཚོགས་སྟེང་དོན་གྲུབ་རྒྱལ་དང་ཡི་དམ་ཚེ་རིང་། དོན་གྲུབ་དབང་འབུམ་སོགས་ཀུན་ལ་རྒྱུས་མངའ་ཡོད་པའི་བོད་ཀྱི་སྙན་ངག་པ་གྲགས་ཅན་གྱི་བརྩམས་ཆོས་ཡོད་པར་མ་ཟད། འབྲུག་ལྷ་རྒྱལ་དང་དཔལ་མོ་སོགས་ཕུལ་དུ་བྱུང་བའི་རྩོམ་པ་པོ་དག་གི་བརྩམས་ཆོས་ཡོད་ལ།  ད་དུང་བོད་ཡིག་དུ་བསྒྱུར་བའི་རྒྱའི་སྙན་ངག  སྙན་ངག་པ་གྲགས་ཅན་ཁྲང་ཡའོ་དང་ཧྲུའུ་ཐེན་གྱི་བརྩམས་ཆོས་ཀྱང་ཡོད། གྱེར་འདོན་དགོང་ཚོགས་ལ་བོད་ཀྱི་སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་བཀྲ་ཤིས་དབང་ཕྱུག དབྱངས་ཅན། འབྲུག་ལྷ་རྒྱལ། འབྲུག་མོ་རྒྱལ་སོགས་ཡོད་པར་མ་ཟད། མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་སོགས་བོད་འབྲེལ་ས་གནས་སོ་སོའི་སྙན་ངག་གྱེར་འདོན་ལ་མོས་པའི་གྱེར་འདོན་པ་90ལྷག་གིས་སྙན་ངག་གི་རྣམ་པས་ཏང་གི་རྨད་བྱུང་ལོ་རྒྱུས་དང་བོད་འབྲེལ་ས་གནས་སོ་སོའི་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བར་བསྟོད་བསྔགས་བྱས།

444433.jpg

ཐེངས་འདིའི་སྙན་ངག་གྱེར་འདོན་དགོང་ཚོགས་ན་གཞོན་གྱེར་འདོན་པ་བཅུ་བཞིས་མཉམ་དུ་སྙན་ངག་པ་གྲགས་ཅན་དོན་གྲུབ་དབང་འབུམ་གྱིས་བརྩམས་པའི་སྙན་ངག《ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་》གྱེར་འདོན་བྱས་ནས་འགོ་བརྩམས་པ་དང་། སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་འབྲུག་མོ་རྒྱལ་གཉིས་ཀྱིས《མེས་རྒྱལ་ལགས། ང་ཡི་གཅེས་སུ་འོས་པའི་མེས་རྒྱལ》ཞེས་པ་གྱེར་འདོན་བྱས་པར་མ་ཟད། སྙན་སྒྲོན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་དང་དབྱངས་ཅན་སོགས་ཀྱིས་《ལང་ཚོའི་རྦབ་ཆུ》གྱེར་འདོན་བྱས་ནས་སྙན་གྱེར་འདོན་དགོང་ཚོགས་ཀྱིས་ལྟད་མོ་བ་དག་གི་སྤྲོ་སེམས་རབ་ཏུ་འཕེལ། ད་དུང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་སྙན་ངག་གྲགས་ཅན《ཐོ་རེངས་སྐར་ཆེན》 《འཁོར་བའི་སྙིང་བོ》《ང་དང་ངའི་ནར་སོན་གྱི་ལོ་ཟླ》 《ཆུ་ཀླུང》《རྨི་ལམ་གྱི་གཤོག་པ》སོགས་སྒྱུ་རྩལ་གྱི་ཉམས་སྣང་གསལ་བའི་སྒོ་ནས་གྱེར་འདོན་བྱས་ཏེ་ལྟད་མོ་བའི་མིག་དབང་འཕྲོག་ནས་གྱེར་འདོན་དགོང་ཚོགས་ཀྱི་བརྙན་ཕབ་ལས་རིམ་ལེགས་པར་གྲུབ།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།