“དབུལ་ཐར་བྱུང་རྗེས་ད་དུང་ཚང་མར་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ཡིན།”

ད་ལོར་ལོ51ལ་སོན་པའི་ངག་དབང་དྲི་མེད་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་བརྡ་ཆོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། དེ་བས་ཀྱང་སྡེ་བའི་ནང་གི་ཕྱུག་བསྒྱུར་སྣེ་ཁྲིད་མཁན་ཡིན།

སྔོན་ཆད། ནང་ཆེན་རྫོང་གི་དབུལ་ཕོངས་ཚད36%ལ་སླེབས་པ་དང་། བརྡ་ཆོག་སྡེ་བའི་དབུལ་ཕོངས་དུད་ཁྱིམ་ཡང445ལ་སླེབས་མྱོང་།2007ལོར།ངག་དབང་དྲི་མེད་ནི་ཚོང་བདག་ཞིག་ནས་བརྡ་ཆོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་གྱུར་ལ། དེའི་ཕྱི་ལོར་ཁོས་རང་གིས་ཚོང་བརྒྱབ་པའི་བསགས་དངུལ་བླངས་ཏེ་རྫ་ཆུ་འགྲམ་གཉིས་ཀྱི་མང་ཚོགས་ལ་དཔྱངས་ཟམ་འཕངས་ཏེ་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན། དེའི་རྗེས་ཁོ་གང་སར་འདུར་རྒྱུག་བྱས་ཏེ་ཆེད་དམིགས་ལས་གཞི་སྒོར་ཁྲི600ལམ་ལས་པའི་བརྩོན་ལེན་བྱས་ཐོག ཁོ་རང་གིས“སེན་མགོ་ཁྲག་དང་སེན་རྟིང་རྣག”བྱས་ཏེ་བསགས་པའི་སྒོར་ཁྲི3པོས་ཀྱང་ཁ་གསབ་བརྒྱབ་སྟེ། སྡེ་དམངས་ཀྱི་ས་ཞིང་བསྡུས་པར་ཁ་གསབ་བྱས། ལམ་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་བསྟུན་ནས་སྡེ་དམངས་ཀྱི་ཕྱུག་བསྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ཡང་ཇེ་ཡངས་སུ་སོང་།

ལོ་འགའ་འགོར་རྗེས། སྐྱེལ་འདྲེན་བྱེད་པའི་སྡེ་དམངས་ཀྱིས་སྐྱེལ་འདྲེན་རུ་ཁག་རྩ་འཛུགས་བྱས་པ་དང་། སྐྱེལ་འདྲེན་རུ་ཁག་གི་རླངས་འཁོར་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། བརྡ་ཆོག་སྡེ་བའི་ཕྱུག་བསྒྱུར་གྱི་མཆོག་ནོར་དུ་གྱུར་པར་མ་ཟད། རྫོང་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་ལའང་སྐུལ་ཁྲིད་བྱས། ངག་དབང་དྲི་མེད་ཀྱིས་སྤོབས་སེམས་དང་བཅས་ཏེ་བཤད་རྒྱུར། “ད་ལྟ། ང་ཚོའི་རླངས་འཁོར་རུ་ཁག་གི་གཞི་རྒྱ་ལ་སྐྱེལ་འདྲེན་རླངས་འཁོར་ཆེ་བ52ཡོད། སྡེ་དམངས་ཀྱི་ཡོང་འབབ་ཀྱང་ཧ་ཅང་ཇེ་མང་དུ་སོང་ཡོད།”

2018ལོར། ངག་དབང་དྲི་མེད་ཀྱིས་སྒོར་ཁྲི300ཡི་ཡུལ་སྐོར་དབུལ་སྐྱོར་ཆེད་དམིགས་མ་དངུལ་ལོན་རྗེས། འབད་པ་ཆེན་པོས་སྡེ་དམངས་རྩ་འཛུགས་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་དང་། དབུལ་སྐྱོར་ཆེད་དམིགས་མ་དངུལ་སྤྱད་དེ། སྡེ་བའི་ནང་དུ་ཡུལ་སྐོར་ལས་གཞི་སྤེལ།

ལོ་ངོ་གཉིས་ཀྱི་རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད། ད་ལྟ་གུང་གསེང་སྤྲོ་གཏོང་གླིང་གི་དེང་རབས་ཅན་གྱི་ཤེལ་གྱི་གདུང་འདེགས་འཕྲང་ལམ་དང་། བརྗིད་ཆགས་རི་གསེབ་ཏུ་འབབ་པའི་རྦབ་ཆུ། དབྱིབས་ཡ་མཚན་ཅན་གྱི་ཤིང་ཁང་དང་དེ་མིན་རི་གསེབ་ཀྱི་ཤིང་གི་གདུང་འདེགས་འཕྲང་ལམ་དང་། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྦྲ་གུར་བཅས་ལ་རྒྱང་ལྟ་བྱས་ཚེ། དེ་དག་ཡོད་ཚད་ནི་གྲོང་གསེབ་ཀྱི་ཡུལ་ལྗོངས་རི་མོ་ཞིག་དང་གཉིས་སུ་མ་མཆིས།

ལྗོངས་ཁུལ་གྱི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་དུ་སོང་བ་དང་བསྟུན་ནས། ངག་དབང་དྲི་མེད་ཀྱིས་སྡེ་དམངས་ཀྱི་སྣེ་ཁྲིད་དེ་འབྲེལ་ཡོད་ཆ་སྡེབ་ཞབས་ཞུའི་སྒྲིག་བཀོད་ཀྱང་སྔར་ལས་འཐུས་ཚང་དུ་བཏང་། སྡེ་དམངས་ཀྱི་ཡོང་འབབ་སྔར་ལས་ལྷག་པས་ཇེ་མང་དུ་གཏོང་ཆེད། ལྗོངས་ཁུལ་གྱི་བཟའ་བཏུང་དང་། སྦྲ་གུར་ཕྱིར་བོགས་མར་གཏོང་བ་བཅས་ཀྱི་ཞབས་ཞུ་ས་གནས་དེའི་སྡེ་དམངས་ལ་གླས་པ་དེས། ལས་ཞུགས་ཀྱི་གནད་དོན་ཐག་བཅད་པར་མ་ཟད། སྡེ་དམངས་ལ་ཡོང་འབབ་མི་ཉུང་བ་ཞིག་བསྣན།

“སྤྱིར་ཞོར་ལས་བྱས་ན་གླ་མི་ལོན་པར་སེམས་ཁྲལ་བྱེད་དགོས་མོད། ད་འགྲིག་སོང་། སྡེ་བར་ཤེལ་གྱི་གདུང་འདེགས་འཕྲང་ལམ་གྱི་ལྗོངས་ཁུལ་ཡོད་པ་དང་། ངས་ཀྱང་མ་རྐང་བཞག་སྟེ། ལོ་མཇུག་ལ་ཁེ་སྤོགས་བགོ་རྒྱུ་ཡོད། ངག་དབང་དྲི་མེད་ཀྱི་བསམ་ཕྱོགས་ལྟར་བསྒྲུབས་ཚེ། སྒོར་མོ་ལོན་ཁོ་ཐག་ཡིན། རྗེས་ཕྱོགས་ང་རང་ཧྲུའུ་ཅི་ཡི་རྗེས་འབྲངས་ཏེ་འབྱོར་འབྲིང་དུ་བསྐྱོད་རྒྱུ་ཡིན། ”བརྡ་ཆོག་སྡེ་བའི་སྡེ་དམངས་དཀོན་མཆོག་གིས་དེ་ལྟར་བཤད།

སྡེ་དམངས་ཀྱིས་དེ་ལྟར་བཤད་ཐེངས་རེར། ངག་དབང་དྲི་མེད་ཀྱི་གདོང་ལ་དགའ་ཞིང་བློ་བདེ་བའི་ཉམས་ཤིག་ཤར་ཞོར་བཤད་རྒྱུར། “སེམས་བདེ་མོ་བྱོས་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་འདི་འདྲ་བཟང་ལ། ངེད་ཅག་གིས་ལོ་འདི་འགར་རྨང་གཞི་བརྟན་པོ་བཏིངས་ཡོད་སྟབས། ད་ཅུང་མི་འགོར་བར་འབྱོར་འབྲིང་གི་འཚོ་བ་རོལ་ཐུབ། ། ”

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།