ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཀྲུང་དབྱང་སློབ་སྟོན་ཚན་ཆུང་བཅུ་པ་མཚོ་སྔོན་ལ་རྟོག་ཞིབ་དང་ཁྲིད་སྟོན་བྱེད་པར་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ནས་ཚེས14ཉིན་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་བཅུ་པའི་ཙུའུ་ཀྲང་ཝུའེ་ཏ་ཕུན་གྱིས་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་དངོས་སུ་རྟོག་ཞིབ་མཛུབ་ཁྲིད་གནང་བར་སླེབས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ནན་ཏན་གྱིས་སྤེལ་བར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རུའེ་ཕུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས།

ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་བཅུ་པ་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཏང་གི་སློབ་གྲྭ་དང་། མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམས་སྟོན་ཁང་། ཟི་ལིང་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་། མཚོ་སྔོན་གསར་པའི་སྙིང་སྟོབས་འགྲེམས་སྟོན་ཁང་། ཧོང་ཡོན་རྫོང་ཞའོ་ཀའོ་ལིང་ཏང་གཤིས་སློབ་གསོའི་རྟེན་གཞི། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཝུན་ཁྲིན་ལམ་སྡེ་ཁུལ་སོགས་སུ་བསྐྱོད་ནས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་གི་གནས་ཚུལ་ཉན་པ་དང་འབྲེལ། དཔྱད་གཞི་ལྟ་ཀློག་དང་། བརྙན་ལམ་ནས་ལྟ་བ། ཡུལ་དངོས་སུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ཏང་ཡོན་མང་ཚོགས་དང་དངོས་སུ་ངོ་འཕྲད་ནས་བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད།  ཟུར་མང་པོ་དང་ཕྱོགས་མང་པོ་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། རིགས་དབྱེ་ནས་རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྲིད་སྟོན་བྱས། 

ཝུའེ་ཏ་ཕུན་གྱི་རང་རེའི་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྗེས་ཕྱོགས་ཀྱི་ལས་དོན་ཐད་ལ་བླང་བྱ་བཏོན། ཁོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནི་ལོ་ཧྲིལ་པོར་ཁྱབ་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སྔར་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་པའི་སེམས་ཤུགས་ནན་ཏན་གྱིས་ཆེ་རུ་གཏོང་བ། དོན་དངོས་ལ་གཞི་འཛུགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་བྱེད་པ། དམིགས་ཚད་ཀྱི་བླང་བྱ་དང་བཀོད་སྒྲིག་ལ་ནན་གྱིས་གཞིགས་ནས་དོན་འཁྱོལ་ལ་དམ་འཛིན་བཟང་པོ་བཅས་བྱེད་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འཛུགས་སྐྲུན་ཁག་ལ་ཕན་ཚུན་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པ། ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་སློབ་སྦྱོང་དང་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་བ་དང་། “ངས་མང་ཚོགས་ཀྱི་ཆེད་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ནན་གྱིས་སྤེལ་བ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ། ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་ལེགས་པོ་འཚོགས་པ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱ་ཆེ་བའི་སྒོ་ནས་རྒྱ་བསྐྱེད་དང་སྐུལ་སྤེལ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།