རང་ཞིང་གིས་མཚོ་སྔོན་རྨ་སྟོད་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། རང་ཞིང་གིས་མཚོ་སྔོན་རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་ཡོམ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁུང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་རྨ་སྟོད་ལ་ལྔ་བའི་ཉེར་གཉིས་ཉིན་ས་ཡོམ་བྱུང་རྗེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མྱུར་བ་མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ས་ཡོམ་གྱི་གནོད་སེལ་མྱུར་སྐྱོབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་འོག ས་ཡོམ་གྱི་གནོད་སེལ་རྒུད་སྐྱོབ་ཐད་ནས་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། མྱུར་སྐྱོབ་རྒུད་སྐྱོབ་བྱ་བ་དེ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དུས་སྐབས་སུ་སླེབས།

ཚོགས་ཐོག་ནས་བསྟན་དོན། སྤུས་ཚད་མཐོ་བའི་སྒོ་ནས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། གཅིག་གྱུར་བཀོད་འདོམས་དང་མཐུན་སྦྱོར་གོ་རིམ་ལྡན་པ་དང་། འགན་འཁྲི་གཏན་འཁེལ་གསལ་བོ་ཡིན་པའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བི་མ་ལག་གསར་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།