ཉི་མ་སྒྲོལ་མས་རྫོང་དང་ཡུལ་ཚོའི་དམངས་ཆེན་སྐབས་བརྗེ་འདེམས་བསྐོའི་བྱ་བར་ལྟ་སྐུལ་འཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྫོང་དང་ཡུལ་ཚོའི་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་བྱ་བར་ལྟ་སྐུལ་འཛུབ་སྟོན་བྱས་ལ། ཏང་གི་འདེམས་བསྐོའི་བྱ་བའི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་ལྟར་དོན་དག་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་སྐུལ་སྤེལ་གང་ལེགས་བྱེད་པ། སྐབས་བརྗེའི་སྒྲིག་ལམ་ནན་མོར་བཟུང་ནས་སྐབས་བརྗེའི་བྱ་བའི་གོ་རིམ་ཁྲིམས་དང་མཐུན་པ་དང་། སྐབས་བརྗེའི་མཇུག་འབྲས་ཀྱིས་མི་དམངས་ཀྱི་ཡིད་ཚིམ་པར་བྱེད་དགོས་པར་བསྟན། 

ཉི་མ་སྒྲོལ་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་འབྲེལ་བའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་ལ།  རྫོང་དང་ཡུལ་ཚོའི་མི་དམངས་འཐུས་མིའི་ཆབ་སྲིད་དང་བྱང་ཚད། གྲུབ་ཚུལ་བཅས་ཀྱི་འགག་སྒོ་དམ་འཛིན་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐབས་བརྗེའི་འདེམས་བསྐོའི་འབྲེལ་ཡོད་ཇུས་ཆོད་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་དགོས།

ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། སྐབས་བརྗེའི་འདེམས་བསྐོའི་བྱ་བའི་གོ་རིམ་དང་བླང་བྱར་རྒྱུས་ལོན་ཡང་དག་བྱེད་པ་དང་གཞོགས་འདེགས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ལས་རིགས་ཁྲིད་སྟོན་ཡག་པོར་སྒྲུབ་དགོས། གསར་གཏོད་རང་བཞིན་གྱི་ཐབས་ལམ་དོན་འཁྱོལ་བྱེད་དགོས་ལ། ཁ་གཏད་རང་བཞིན་གྱི་བྱེད་ཐབས་སྤྱོད་པ། འཁོར་རྒྱུག་མི་སྣ་འདེམས་བསྐོའི་ནང་ཞུགས་པར་སྔར་ལས་སྟབས་བདེ་བའི་ཆ་རྐྱེན་སྐྲུན་ནས་འཁོར་རྒྱུགས་མི་སྣའི་དམངས་གཙོའི་ཁེ་དབང་ལ་ཁྲིམས་ལྟར་ཁག་ཐེག་བྱེད་དགོས། སྐབས་བརྗེའི་བྱ་བ་ལེགས་པར་སྒྲུབ་དགོས་པར་མ་ཟད། སྐབས་བརྗེའི་རྗེས་ཀྱི་བྱ་བར་འཆར་འགོད་གང་ལེགས་བྱས་ཏེ། འབྲེལ་མཐུད་དམ་པོ་དང་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པ་དོན་འཁྱོལ་བྱེད་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།