མཚོ་སྔོན་གྱིས་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་བ།

ཡུལ་སྐོར་འགྲུལ་བཞུད་ཁྲོད་ཀྱི་རླངས་འཁོར་གླ་བ་དང་དེའི་བགྲོད་ལམ་བདེ་འཇགས་ལ་ཁག་ཐེག་བྱེད་པ། ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་འགན་སྲུང་བྱེད་པ། ཡུལ་སྐོར་སྐར་རིམ་མགྲོན་ཁང་དང་དྲ་ཁང་། རྩེད་འཇོ་ཁང་བཅས་ཀྱི་མེ་འགོག་བདེ་འཇགས་ཀྱི་དོ་དམ་ཇེ་ལེགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་ཚོང་ཁྲོམ་ཚད་ལྡན་དུ་བཏང་ཞིང་དག་ཐེར་ལེགས་བཅོས་བྱེད་པ། རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། རིམས་ནད་སྔོན་འགོག་གི་བྱ་བ་བསྟུད་མར་བཟུང་བ་བཅས་ཀྱི་ཆེད་དུ། ཉེ་ལམ། 2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་བའི་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་སྤུས་ཚད་ཇེ་མཐོར་གཏོང་བར་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2020ལོར་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཚོང་ཁྲོམ་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་སྔར་བས་ཇེ་མཐོར་སོང་བས། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐད་འགན་འཁྲི་ཡོད་པའི་དོན་རྐྱེན་ཚབས་ཆེན་བྱུང་མེད། ད་ལོར་ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་བ་སྔར་བཞིན་མཚམས་བཞག་ཡོད་པས། རྒྱལ་ནང་དུ་ཡུལ་སྐོར་བྱེད་པ་ནི་ཡུལ་སྐོར་པ་རྣམས་ཕྱི་རུ་ཡུལ་སྐོར་བྱེད་པའི་འདེམ་བྱར་གྱུར་ཡོད། ཧྥེ་ཀྲུའུ་དང་ཏ་མའེ་དྲ་བ་གཉིས་ཀྱིས་མཉམ་དུ་བསྒྲགས་པའི་ཡུལ་སྐོར་དུ་འགྲོ་བའི་ཁ་ཕྱོགས་ལྟར་ན། ཟི་ལིང་འཚོལ་བཤེར་བྱེད་ཚད་དུས་མཉམ་ལས630%འཕར་ཡོད་པ་དང་། ཐེངས་མང་པོར་རྒྱལ་ནང་གི་མི་ཚོགས་ཆེས་མང་བའི་ཡུལ་སྐོར་མིང་ཐོའི་གྲས་སུ་ཚུད་ཡོད། ཟི་ལིང་དུ་རླངས་འཁོར་གླ་བའི་མངག་ཉོ་འཕར་ཚད198%ལ་སླེབས། གྲངས་གཞི་མང་པོ་དང་སྔོན་དཔག་བྱས་པ་ལས་ཤེས་གསལ་ལྟར་ན། ད་ལོ་ནི་རང་ཞིང་གིས་རིག་གནས་དང་ཡུལ་སྐོར་ཚོང་ཁྲོམ་ཆེས་ཆེར་འཕར་བའི་རྣམ་པ་བསུ་ཐུབ།

ད་ལོར། རང་ཞིང་གིས་གནད་འགག་གི་ལྷུ་ཚིགས་སམ་གནད་འགག་གི་ཁྱབ་ཁོངས་ནན་བཟུང་བྱས་ཏེ། ཡུལ་སྐོར་གྱི“ལག་ཁྱེར་མེད་པའི་རླངས་འཁོར”གྱི་གནད་དོན་ལ་ནན་བཤེར་བྱེད་པའི་ཆེད་དམིགས་བཅོས་སྐྱོང་བྱས་དང་བྱེད་བཞིན་ཡོད། རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་དང་མཉམ་དུ་ཁྲིམས་འགལ་གྱི་ཡུལ་སྐོར“ལག་ཁྱེར་མེད་པའི་རླངས་འཁོར”སོགས་ཀྱི་རླངས་འཁོར་གླ་བ་དང་འགྲུལ་སྐྱེལ་གནད་དོན་གཙོ་རུ་བཟུང་ནས་ལྟ་སྐུལ་དོ་དམ་བྱས་དང་བྱེད་བཞིན་ཡོད། ཡུལ་སྐོར་གྱི་རླངས་འཁོར་གླ་བ་དང་ཁ་ལོ་པའི་ཐོབ་ཐང་ལ་ནན་བཤེར་བྱས་ཏེ། ཚད་ལྡན་གྱི་རླངས་འཁོར་གླ་བའི་གྲོས་འཆམ་འཇོག་ཏུ་འཇུག་རྒྱུ་རེད། དྲ་ངོས་གཞུང་ལམ་གྲགས་ཅན་གྱི་བདེ་འཇགས་དོ་དམ་བྱ་བར་གཞོགས་འདེགས་ཀྱིས་ལེགས་འཛིན་བྱས་ཏེ། ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་ལ་ཤུགས་ཡོད་རྒུ་བཏོན་ནས་འགན་སྲུང་བྱས་དང་བྱེད་བཞིན་ཡོད།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་གཙོ་བོ་རིག་གནས་ཡུལ་སྐོར་ཚོང་ཁྲོམ་གྱི“ཟང་ཟིང”བཅོས་སྐྱོང་བྱེད་པ་ནས་མགོ་བརྩམས་ཏེ། ཉེ་བའི་ལོ་འགའི་རིང་ལ་མཐའ་འཁོར་གྱི་ཡུལ་སྐོར་ཉོ་སྒྲུབ་བྱེད་ས་ཟང་ཟིང་ཡིན་པ་དང་ཆེད་ལས་མ་ཡིན་པའི་རླངས་འཁོར་རྒྱུག་པ་དང་ལག་རྟགས་མེད་པའི་སྣེ་ཤན་པ་ཡོད་པའི་ཟང་ཟིང་གནས་ཚུལ། འོས་འཚམ་མིན་པའི་རིན་གོང་དམའ་མོས་ཡུལ་སྐོར་བྱེད་པའི་ཟང་ཟིང་གནས་ཚུལ། བོད་ཀྱི་སྨན་པ་རྫུན་མ་ཡོད་པའི་ཟང་ཟིང་གནས་ཚུལ་སོགས་ཀྱི་གནད་དོན་ཞིབ་ཐོ་བཟོས་ནས། ཚོང་ཁྲོམ་ལྟ་སྐུལ་དོ་དམ་དང་འཕྲོད་བསྟེན་བདེ་ཐང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་སྡེ་ཁག་དང་མཉམ་དུ་ཁྲིམས་བསྟར་ཞིབ་བཤེར་བྱས་དང་བྱེད་བཞིན་ཡོད། ཚོང་ཁྲོམ་གྱི་དཔང་ཡིག་མེད་པར་ཚོང་གཉེར་བྱེད་པ་ལ་ཆེད་དམིགས་བཅོས་སྐྱོང་བྱས་ཡོད་ལ། རིག་གནས་ཚོང་ཁྲོམ་ལ་ཕྱོགས་བསྡུས་ཁྲིམས་བསྟར་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དང་སྤེལ་བཞིན་ཡོད། ཐབས་ལམ་ཤར་གཏོང་བྱས་ཏེ། གྱོད་དོན་ཞུ་གཏུག་གི་སྟེགས་བུའི་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། “12318”རིག་གནས་ཚོང་ཁྲོམ་གྱི་ཞུ་གཏུག་དང“12301”ཡུལ་སྐོར་འདྲི་རྟོག་གི་གྱོད་དོན་ཞུ་གཏུག་ཁ་པར་ཤར་གཏོང་བྱས་ཏེ། མང་ཚོགས་ཀྱི་གླེང་ཕྱོགས་དང་གྱོད་གཏུག ཞུ་གཏུག་བཅས་ཀྱི་བདག་སྤྲོད་དང་ཞིབ་གཅོད་བྱེད་པ་སོགས་ཀྱི་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབས་ཏེ། ཁྲིམས་འགལ་བྱ་སྤྱོད་ལ་རྩད་ཞིབ་དང་རྡུང་རྡེག་ནན་མོ་བྱེད་པ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། ཚོང་ཁྲོམ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད།

དུས་མཉམ་དུ། ཚིག་ཐོག་ཏུ་མི་གནས་པའི་བྱ་སྤྱོད་ངོས་འཛིན་བྱེད་པ་དང་ཚད་ལྡན་དུ་གཏོང་བ་དང་། ཡིད་རྟོན་སླར་གསོ་བྱེད་པ་སོགས་ཀྱི་ནང་རྐྱེན་སྔར་བས་འཚོལ་སྙེག་དང་གསར་འཛུགས་བྱེད་པ། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ཁ་དན་ཚིག་གནས་ལ་གདེང་འཇོག་བྱེད་པའི་འགུལ་རྣམ་དོ་དམ་བྱེད་པའི་ལམ་ལུགས་བཙུགས་ཏེ། ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་ཁང་། སྐར་རིམ་མགྲོན་ཁང་སོགས་ཀྱི་ཡུལ་སྐོར་ཁེ་ལས་ཀྱི་ཡིད་རྟོན་གདེང་འཇོག་བྱེད་པའི་མ་ལག་ཆགས་སུ་འཇུག་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་དང་ལས་གཉེར་པའི་ཡིད་རྟོན་སྤྱི་བསྒྲགས་ནང་རྐྱེན་བཙུགས་ཏེ། ཚིག་ཐོག་ཏུ་མི་གནས་པའི་ཁེ་ལས་ལ་མཉམ་འབྲེལ་སྒོས་ཆད་པ་གཅོད་པ་དང“མིང་ཐོ་ནག་པོ”ཡི་ནང་དུ་འཇོག་པའི་ལམ་ལུགས་ལག་བསྟར་བྱས་ནས། རིག་གནས་དང་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།