སྐྱེ་ཁམས་ལེགས་པོ་ནི་དམངས་འཚོ་ཡིན།

འབྲི་ཆུའི་འབྱུང་ཡུལ་ཞེས་བཏགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནི། “ཁོར་སྲུང་དཔའ་བོ”རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་ཕ་ཡུལ་རེད། ལེ་བར་ཁྲི་ཡི་འབྲི་ཆུའི་མགོ་ཁུངས་ས་ཁུལ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་གདང་ལ་རི་བོའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཆ་བཅས“གཙོ་གསུམ་མཉམ་བརྩེགས”ཀྱི་དམིགས་བསལ་ས་ཁམས་ལེབ་མོག་ཅིག་ཡིན་ཞིང་། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་མཉམ་འདུས་ཁུལ་དང་ངལ་གསོ་ཁུལ་ཡིན་ལ། འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་འདུས་ཀྱི་ས་ཁུལ་གྲས་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་མ་བརྩོན་ན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བརྩོན་པ་བྱས་ཟེར་བ་ཞིག་མེད་པའི་འདུ་ཤེས་ཡིད་ལ་བཅངས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་དེ་འབྲི་སྟོད་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་འོག་བཞག་ནས་བསམ་བློ་གཏོང་བ་དང་འཆར་འགོད་བཟོ་བའི་ཁྲོད་འཇོག་པ་དང་། ཁྱད་པར་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་དུ“ཁྱིམ་ཚང་རེ་ལ་ལས་གནས་རེ”ལྟར་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྐྱེ་ཁམས་བདག་སྐྱོང་པ་རེ་འཇོག་པའི་བྱ་བའི་དམིགས་ཚད་ལྟར། འབྲི་སྟོད་རྫོང་གིས་སྐྱེ་ཁམས་བདག་སྐྱོང་པའི་ངལ་རྩོལ་གླ་ཆ་སྔ་མོ་ནས་དོན་འཁྱོལ་བྱས་ཟིན། འབྲི་སྟོད་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་ཆེས་ཆེ་བའི་དམངས་འཚོ་ལེགས་བསྒྱུར་ནི་སྐྱེ་ཁམས་དང་། ཆེས་གཏིང་ཟབ་པའི་དཔལ་འབྱོར་འདེགས་སྐྱོར་ནི་སྐྱེ་ཁམས་ཕྱུགས་ལས་ཡིན་པ་དང་། སྟོབས་ཆེ་ཤོས་ཀྱི་གྲོང་གསེབ་དར་སྤེལ་ནི་སྐྱེ་ཁམས་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། “མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། གྲོང་ཁྱེར་དང་གྲོང་གསེབ་བདེ་སྡོད་འཚམ་པོ། དམངས་འཚོ་འགན་སྲུང་ནུས་ལྡན། རིག་གནས་སྐྱོན་བྲལ་དར་རྒྱས། ཏང་དོ་དམ་དང་ཏང་ནན་སྐྱོང་བཅས་གསར་གཏོད་བྱེད་པའི”“བཟང་པོ་དྲུག”གི་དཔེ་སྟོན་རྫོང་གི་དམིགས་འབེན་གཏན་འཁེལ་བྱས།

སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཡིན་ལ། དེ་ལས་ཀྱང་ཆེས་དོན་དངོས་དང་། ཆེས་སྤྱི་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན།ངོས་འཛིན་འདི་ལྟ་བུ་ཞིག་གི་རྨང་གཞིའི་སྟེང་། དམངས་འཚོ་འགན་སྲུང་དང་ལེགས་བསྒྱུར་གྱི་མགོ་རྩོམ་ས་དང་རྐང་འཛུགས་ས་དེ་སྔ་མོ་ནས་སྔོན་ཆད་ཀྱི“ལྟོ་རྒྱབ་ལ་རེ་བ”ནས་ད་ལྟའི“ཁོར་སྲུང་ལ་རེ་བའི”ཕྱོགས་སུ་འགྱུར་བ་དང་། སྔོན་ཆད་ཀྱི“འཚོ་གནས་ལ་སྙེག་པ”ནས་ད་ལྟའི“སྐྱེ་ཁམས་ལ་སྙེག་པ”ཡི་ཕྱོགས་སུ་བསྒྱུར། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བློ་ཐག་རྦད་ཆོད་ཀྱིས་བསྐྱོད་ནས། “ནོར་སྲིད་ཆུང་བ”ཡིས“དམངས་འཚོ་ཆེན་མོ”བསྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དོན་ཚན་ཞིག་ཡིན་ཕྱིན་སྔོན་ལ་བསམ་བློ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་མ་དངུལ་ཞིག་ཡིན་ཕྱིན་སྔོན་ལ་བཀོད་སྒྲིག་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་ཞིག་ཡིན་ཕྱིན་སྔོན་ལ་ལག་ཏུ་བསྟར་བ། རང་སའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་མ་རྩ་དང་མི་ཤུགས་མ་རྩ་ལ་འཚམ་པ་མངོན་གསལ་ཡིན་ཚེ། མངོན་གསལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཞན་ས་ཁ་གསབ་བྱ་རྒྱུ་དེ་ཐོད་བརྒལ་བྱ་ཡུལ་དུ་བརྩིས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱས་པ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཡོད།

མི་རེ་རེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཁན་དང་། འཛུགས་སྐྲུན་མཁན། ཁེ་ཕན་རེག་མཁན་བཅས་ཡིན། ང་ཚོས་སྲོལ་གཙང་སྤྱོད་དྲང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་སྔོ་ལྗང་རི་ཆུའི་རང་བྱུང་སྐྱེ་ཁམས་ལ་སྣེ་ཁྲིད་དགོས་ལ། འབུར་ཐོན་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་རྒྱུ་དེ་དམངས་འཚོའི་དམིགས་བསལ་ཁྱབ་ཁོངས་སུ་བརྩིས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བསྒྱུར་ཕན་ཚུན་གཞོགས་འདེགས་ཡོང་བ་རྒྱུན་འཁྱོངས་བྱས་ཤིང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཁྱོན་ཡོངས་ནས་བརྟན་པོ་བཟོ་བ་དང་། “མི་རེ་རེས་རྒྱབ་སྐྱོར་དང་། མི་རེ་རེ་ཞུགས་པ། མི་རེ་རེས་བརྩི་འཇོག་བྱེད་པ། མི་རེ་རེས་གཅེས་སྐྱོང་བྱེད་པ”བཅས་ཀྱི་སྐྱེ་ཁམས་གནས་སྟངས་ཆེན་མོ་ཧུར་ཐག་སྒོས་བསྐྲུན་ཏེ། འབྲི་ཆུའི་མགོ་ཁུངས་ཀྱི“རྩྭ་ནགས་ཆུ་གསུམ་རྒྱས་ཤིང་སྲོག་ཆགས་དང་ཡོང་སྒོ་འཕེལ”བའི་དམིགས་འབེན་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།