སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་མི་རེ་རེར་འགན་འཁྲི་ཡོད།

མི་གཅིག་གི་སྟོབས་ཤུགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ནུས་པ་ཆེན་པོ་ཐོན་མི་ཐུབ་བསམ་མི་རུང་ལ། མི་གཅིག་གི་བྱ་སྤྱོད་ཀྱིས་སྐྱེ་ཁམས་གཏོར་བརླག་ལ་མཇུག་འབྲས་ཚབས་ཆེན་ཐེབས་མི་སྲིད་འདོད་མི་རུང་།

ཉེ་ཆར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ནོར་སྲིད་པུའུ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་བཅས་ཀྱིས“ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་པ”རུ་བདམས་པའི་ཅཱ་ཉི་མ་ནི། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་ནགས་རའི་ཏུང་ཁྲ་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་རེད། ཁོས་ངོ་སྤྲོད་བྱས་དོན། ཤུག་སྡོང་ལས་བྱུང་བའི་ཤུག་སྤྱིན་འབར་སླ་བ་དང་། སྡོང་སྐམ་གྱི་ཡལ་གས་དུས་རྒྱུན་ཤུག་སྤྱིན་ལ་གཙུབ་བརྡར་བྱས་ཏེ་མེ་སྐྱོན་འབྱུང་སླ་བས། ལོ་ངོ་བརྒྱ་ཕྲག་སྟོང་ཕྲག་ལ་སྐྱེས་པའི་ཤུག་སྡོང་སྐད་ཅིག་ཉིད་ལ་བརླག་ཐུབ་པ་རེད། དེ་བས་ཁོ་ཚོས་རི་མགོར་སྐོར་སྲུང་བྱེད་སྐབས་ཡལ་ག་སྐམ་པོ་དེའི་རིགས་བཅད་པ་ཡིན། བལྟས་ཚོད་ཀྱིས་རྒྱུན་ལྡན་གྱི་སྤྱོད་སྟངས་ཤིག་ཡིན་ཡང་། དེས་ནགས་ཚལ་གྱི་མི་མངོན་པའི་མེ་སྐྱོན་མང་པོ་ཞིག་འགོག་ཐུབ། སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན། སྲུང་སྐྱོབ་ནི་ས་སྤུངས་པ་དང་འདྲ་ལ། གཏོར་བརླག་ནི་གཞུ་ལ་བཀུག་པའི་མདའ་མོ་ལྟར་ཤིན་ཏུ་མྱུར། ཆུ་བོ་ཞིག་གི་ནང་། ཁྱེད་ཀྱིས་གད་སྙིགས་འཕངས་པ་དང་ང་ཡིས་བཙོག་ཆུ་བླུགས་པ་ཡིན་ན། ཆུ་བོ་གཙང་བསྒྱུར་གྱི་འགྲོས་ཚད་དེ་སྦགས་བཙོག་ཐེབས་པའི་མྱུར་ཚད་ཀྱི་རྗེས་སུ་མི་ཆོད་ལ། ནགས་ཚལ་ཞིག་ཁྱེད་ཀྱིས་བཅད་ཅིང་ང་ཡིས་བཅད་ན། སྐྱེ་དངོས་ཀྱི་སྐྱེ་ཚད་དེ་གཏོར་བརླག་བཏང་བའི་མྱུར་ཚད་ཀྱི་རྗེས་སུ་མི་ཆོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་། མི་རིགས་ཀྱི་ཡུན་གཏན་འཕེལ་རྒྱས་ཐད་ལ་འགན་འཁྲི་ཆེན་མོ་ཕྲག་ཏུ་བཞེས་ཡོད་པས། ངེས་པར་སྐྱེ་ཁམས་བདེ་འཇགས་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་དགོས་ལ།རྒྱལ་ཁབ་དང་། མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས། ལས་འགན་ཅི་འདྲ་ལྕི་ཡང་། ཞིབ་ཆ་དང་ཕྲན་ཚེགས་དང་རྒྱུན་མཐོང་གི་གནས་ཕྲན་ཚེགས་སུ་འབབ་ཐུབ་ཚེ་ད་གཟོད་དོན་ཐོག་ཏུ་འཁྱོལ་ཐུབ། མཚོ་སྔོན་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་མི་ཞིག་ལ་མཚོན་ན། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་བྱ་རྒྱུ་ནི། ང་ཚོའི་ཐུན་མོང་གི་ལས་འགན་ཡིན་ལ། མཚོ་སྔོན་གྱི་རི་ཆུ་རེ་རེར་སྲུང་སྐྱོབ་དང་། རྩི་ཤིང་དང་ནགས་ཚལ་རེ་རེར་སྲུང་སྐྱོབ་བྱེད་པའི་ཐད་མི་རེ་རེར་འགན་འཁྲི་ཡོད།

ང་ཚོ་ནི་ཆེད་གཉེར་སྐྱེ་ཁམས་བདག་སྐྱོང་པ་མིན་ཡང་། ང་ཚོའི་སེམས་སུ་རང་བྱུང་ལ་དགའ་བའི་བབ་ཆགས་ཀྱི་བརྩེ་བ་ཡོད་ལ།ང་ཚོས་འགུལ་སྐྱོད་ལ་བརྟེན་ནས“ལྗང་མདོག”སྲུང་སྐྱོང་གི“མི་སེམས་ལྡན”ཞིག་བྱ་དགོས། གད་སྙིགས་གང་འདོད་དུ་མི་འཕེན་པ་དང་། ཁ་ལུད་སྣ་ལུད་གང་སར་མི་འཕེན་པ། གད་སྙིགས་ཇི་ལྟར་རིགས་དབྱེ་བར་སློབ་སྦྱོང་བཅས་བྱས་ཏེ།“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་འོས་འགན་ཅུང་ཟད་བསྒྲུབས་ཚེ། ཡང་བསྐྱར་དཔྱིད་རླུང་ལྡང་ཞིང་མེ་ཏོག་བཞད་པ་དང་། སྡོང་འཛུགས་ལྗང་གསོའི་དུས་ཚིགས་ལ་སླེབས་པ་ན། ཁྱེད་རང་གིས་ལྗང་མྱུག་རྐང་གཅིག་འཛུགས་མི་ཐུབ་ན། “སྦྲེལ་དྲའི+”དྲ་ཐོག་སྡོང་འཛུགས་འདེམས་ཆོག འབྲུ་རིགས་གྲོན་ཆུང་བྱེད་པར་དུས་ཡུན་རྫོགས་སོང་བ་ཞིག་མེད་པས། བཟའ་ཚལ་མང་པོ་མི་འདེམས་པ་དང་། ཟས་ལྷག་ཡོད་ན་ཡུལ་ལ་འཁྱེར་དགོས། དེ་དག་ནི་དེ་འདྲའི་དཀའ་མོ་ཞིག་མིན་ཏེ། ལག་པ་འགུལ་བ་ཙམ་གྱིས་སྒྲུབ་ཐུབ་པ་ཞིག་ཡིན། ཡང་གཅིག་བཤད་ན། དེ་ལྟ་བུའི་བྱ་སྤྱོད་ཅིག་གིས། ང་ཚོའི་ཁོར་ཡུག་སྔར་ལས་མཛེས་སྡུག་ཏུ་གཏོང་ཐུབ། ང་ཚོ་དང་རང་བྱུང་སྔར་ལས་འཆམ་མཐུན་དུ་གཏོང་ཐུབ།

སྐྱེ་ཁམས་སྲུང་སྐྱོབ་ནི་ནུབ་གཅིག་ཉིན་གཅིག་གི་འབད་བརྩོན་གྱིས་འགྲུབ་ཐུབ་པ་ཞིག་མིན་ལ། རྩ་འཛུགས་གང་རུང་དང་མི་སྒེར་སུ་ཞིག་གི་ལས་འགན་ཡང་མིན་པར། ང་ཚོ་མི་རེ་རེས་ལག་ལེན་ལ་བརྩོན་ནས། ཡུན་རིང་བསྒྲུབས་ཚེ། མི་མང་པོས་སྟོབས་ཤུགས་ལ་བརྟེན་ནས“ལྗང་མདོག”སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གཏོང་ཐུབ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།