བདེ་འཇགས་ཀྱི་སོ་སྲུང་པ།

——མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་བཙུན་ཐར་རྒྱལ་གྱི་གནས་ཚུལ་བཀོད་པ།

“ང་རང་ཐོག་མར་ལས་རྐང་འདིར་ཞུགས་དུས་བྱ་བའི་ཐད་ལ་ཉམས་མྱོང་ཞན་པས་གནད་དོན་ཆུང་ངུ་ཞིག་ཀྱང་རང་གིས་ཇི་ལྟར་ཐག་གཅོད་དགོས་པ་མི་ཤེས། ཐ་ན་མང་ཚོགས་བར་གྱི་རྩོད་གླེང་ཕྲན་བུ་ཙམ་ཡང་འདུམ་འགྲིག་བྱེད་དགོས་ཚེ་སེམས་ལ་གནོན་ཤུགས་ཆེན་པོ་སྐྱེས་མྱོང་། དྲང་བདེན་དང་ཁྲིམས་མཐུན་སྒོས་ཐག་གཅོད་ཡག་པོ་བྱེད་མ་ཐུབ་ཚེ་མི་དམངས་ཉེན་རྟོག་པའི་སྣང་བརྙན་བརླག་འགྲོ་བསམ།”ཟླ5པའི་ཚེས11ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་བཙུན་ཐར་རྒྱལ་ལ་བཅར་འདྲི་བྱེད་སྐབས། ཁོ་རང་ངོ་གནོང་བའི་ཚུལ་གྱིས་རང་ཉིད་ཐོག་མར་བྱ་བར་ཞུགས་དུས་ཀྱི་རྣམ་པ་བརྗོད་བྱུང་།

སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་ཞིག་ལ་མཚོན་ན། ཉིན་གཅིག་གི་རིང་ལ་ཡང་བྱ་བ་སྣ་ཚོགས་ཤིག་ལ་གདོང་གཏད་དགོས་པ་དང་། མི་དམངས་དཀའ་ཁག་གང་ལ་འཕྲད་ན་དཀའ་ཁག་དེ་བསལ་དགོས། ཁྱད་པར་དུ་གཞི་རིམ་གྱི་ལས་རྐང་ནས་བྱ་བ་སྒྲུབ་མཁན་ཞིག་ཡིན་ན། མི་དམངས་ཡིད་ཚིམ་དུ་འཇུག་དགོས་ན་ཐོག་མར་རང་ཉིད་ལ་རེ་བ་མཐོན་པོ་འཛིན་དགོས།ཁོ་རང་སྤྱི་བདེའི་བྱ་བར་ཞུགས་པའི་ཉིན་དེ་ནས་བཟུང་། ཁོ་བྲེལ་འཚུབ་ཆེ་ཡང་ཁོམ་སྐབས་ཉག་ཙམ་བྱུང་ཚེ་སློབ་སྦྱོང་བྱེད་མགོ་བརྩམས་པ་དང་། རྒྱུན་པར་རང་གི་ལག་ཏུ་ཟིན་བྲིས་དེབ་ཆུང་ཞིག་བཟུང་ནས་ཉིན་གཅིག་གི་རིང་ལ་འཕྲད་པའི་གྱོད་དོན་དང་། མང་ཚོགས་བར་གྱི་རྩོད་གླེང་ཆེ་ཆུང་སྣ་ཚོགས་ཟིན་ཐོར་བཀོད་ནས་སྤྱི་སྡོམ་དང་དབྱེ་ཞིབ། རྒན་པ་ཚོར་བློ་འདྲི། འབྲེལ་ཡོད་ཁྲིམས་ལུགས་ལ་སློབ་སྦྱོང་བཅས་བྱས།

“གྱོད་དོན་གཅིག་སྒྲུབ་ན་སློབ་སྦྱོང་ཐེངས་གཅིག་ཡིན་པའི་འདུ་ཤེས་བཟུང་ནས་ཉམས་མྱོང་མང་པོ་བསགས་མཐར། ད་ལྟ་གློ་བུར་བའི་གནད་དོན་གང་ལ་འཕྲད་རུང་ཐག་གཅོད་ལེགས་པོ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་གདེང་ཚོད་ཆེན་པོ་འདུག”ཅེས་བཙུན་ཐར་རྒྱལ་གྱིས་ཡིད་ཆེས་དང་སྤོབས་པས་བཤད་བྱུང་།

རྐང་ཚ་རྫོང་མཁར་ཤར་བྱང་མཚམས་ཀྱི་སྤྱི་ལེ་ཉི་ཤུ་ལྷག་གི་སར་ཆགས་པའི་དཔལ་དགེ་གྲོང་རྡལ་ནི་ཕྱུགས་ལས་གཙོ་བོ་གཉེར་བའི་གྲོང་རྡལ་ཞིག་ཡིན་ལ། འབྲོག་ཁྱིམ་རྣམས་ཁ་ཐོར་དུ་གནས་པས་ཕལ་ཆེར་ལུང་པ་གཅིག་ན་ཁྱིམ་ཚང་གཅིག་རེ་ཆགས་ཡོད། དེ་སྔོན་འབྲོག་ཁྱིམ་བར་ས་རྩོད་དང་ཆུ་རྩོད། ནོར་ལུག་རྐུན་ལ་ཤོར་བ་སོགས་ཀྱི་གྱོད་དོན་རྒྱུན་པར་འབྱུང་གིན་ཡོད། གྲོང་ཁྱེར་ནས་གྱོད་དོན་ཞིག་བྱུང་ཡང་རྩད་གཅོད་བྱེད་སྐབས་བརྙན་མིག་མང་པོར་ཕྱིར་བལྟ་བྱེད་ཆོག་པ་དང་། མི་གྲངས་མང་བས་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་མང་བ་སོགས་ཀྱི་གྱོད་སྒྲུབ་ཆ་རྐྱེན་ཕུན་སུམ་ཚོགས། ཡིན་ཡང་། འབྲོག་ཁུལ་ནི་དེ་ལས་ལྡོག་པས་དུས་ཚོད་ངེས་མེད་དུ་སྐོར་ཞིབ་བྱེད་པ་ནི་གྱོད་དོན་འབྱུང་བ་སྔོན་འགོག་བྱེད་པར་ཕན་ནུས་མངོན་གསལ་ལྡན་པའི་བྱེད་ཐབས་གཅིག་པུར་གྱུར་ཡོད། བཙུན་ཐར་རྒྱལ་གྱིས“དུས་རྒྱུན་འབྲོག་སར་སྐོར་ཞིབ་ལ་འགྲོ་སྐབས་གནམ་གཤིས་ཀྱི་འགྱུར་ལྡོག་སྣ་ཚོགས་ལ་གདོང་གཏད་དགོས་པ་དང་། རི་མགོ་ནས་འབྲོག་ཁྱིམ་མང་ཆེ་བས་སྒོ་ཁྱི་བཏགས་མེད་པས་ཁྱིས་རྨུག་པ་སོགས་ཀྱི་དཀའ་ཁག་མང་པོ་ཡོད”ཟེར།

འབྲོག་པའི་འཚོ་བ་ནི་དུས་ཚིགས་དང་བསྟུན་ནས་གནས་སྤོར་བཞིན་ཡོད་ལ། སྐོར་ཞིབ་བྱེད་སྐབས་དབྱར་ཆར་ཆུ་དང་དགུན་ཁ་བ་འབབ་པའི་གནམ་གཤིས་མི་ལེགས་པར་འཕྲད་ན་རླངས་འཁོར་ཕར་ཞོག རྐང་ཐང་ལའང་འགྲོ་དཀའ་བའི་གནས་ཚུལ་རྒྱུན་པར་འབྱུང་གིན་ཡོད། ཡིན་ཡང་ཁོས་སྐོར་ཞིབ་རུ་ཁག་གི་སྣེ་ཁྲིད་ནས་མི་དམངས་ལྟེ་བར་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་བྱ་བའི་སྒུལ་ཤུགས་སུ་བརྩིས་ཏེ། བསྟུད་མར་ལོ་འགའི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་སྐོར་ཞིབ་བྱེད་སྐབས། སྐད་གཉིས་ཀྱི་ལམ་ནས་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་དང་། མང་ཚོགས་ཀྱི་དཀའ་ཁག་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་། མི་རྣམས་ཀྱི་བསམ་པའི་གོ་རྟོགས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་རིམ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས་ལོ་རེར་གྱོད་དོན་འབྱུང་ཚད་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། ད་ལོ། མིག་སྔའི་བར་དུ་གྱོད་དོན་གཅིག་ཀྱང་མ་བྱུང་།

མངགས་གཏོང་ཁང་གི་བྱ་བ་ནི་སྣ་མང་དང་ཕྱོགས་བསྡུས་རང་བཞིན་ཅན་ཞིག་ཡིན་པས་ཕྱི་ནང་གཉིས་ཀྱི་བྱ་བར་ཤུགས་སྣོན་དགོས། དྲིལ་སྒྲོག་དང་གྱོད་སྒྲུབ། འདུམ་འགྲིག་དང་སློབ་གསོ་གཏོང་བ། སྲིད་གཞུང་གིས་སྤེལ་བའི་བྱ་འགུལ་ཆེ་ཆུང་ཀུན་ལ་རམ་འདེགས་བྱེད་པ། གྱོད་དོན་བྱུང་ན་གྲོང་རྡལ་ཁྲིམས་འཛིན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་ལས་ཁུངས་ལ་མཐུན་སྦྱོར་བྱེད་པ་སོགས་བྱ་བར་འགྱུར་བ་ཧ་ཅང་ཆེ། བཙུན་ཐར་རྒྱལ་གྱིས“ཆུང་ས་ནས་ཁྱིམ་ཚང་གི་འགྲིག་མཐུན་ལ་ཡང་མཐོང་ཆེན་བྱས་ན་འབྱུང་སྲིད་པའི་གྱོད་དོན་སྔོན་འགོག་བྱེད་ཐུབ”ཟེར།

ལོ་གསར་དང་རྒྱལ་སྟོན་སོགས་དུས་ཆེན་གྱི་སྐབས་ནི་ཁྱིམ་མི་ལྷན་འཛོམས་དང་ཕྱི་རོལ་ཏུ་ལྟ་སྐོར་ལ་འགྲོ་བའི་དགའ་སྟོན་གྱི་དུས་ཡིན། ཡིན་ཡང་།མི་དམངས་ཉེན་རྟོག་པ་ཞིག་ལ་མཚོན་ན་ཏག་ཏག་སྐབས་དེ་ནི་བྱ་བར་བྲེལ་འཚུབ་ཆེས་ཆེ་བའི་དུས་རེད། མང་ཚོགས་ལ་དུས་ཆེན་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱེད་ཆེད་དུས་རྒྱུན་ལས་ལྡབ་འགྱུར་གྱིས་བྱ་བར་གཟབ་ནན་བྱེད་དགོས།

དཔལ་དགེ་གྲོང་རྡལ་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ཚོང་ཁང་ཕྱེས་པའི་ཀྲང་ཅིན་ཁུའེ་ལ་མཚོན་ན་ཉེ་བའི་ལོ་འདི་དག་གི་རིང་ལ་སྤྱི་ཚོགས་བདེ་འཇགས་ཇེ་ལེགས་སུ་སོང་བར་གསལ་ཆ་ཆེན་པོ་ཡོད། ད་ལོའི་ལོ་སར་གྱི་སྐབས་སུ་ཁོ་ཚང་གི་བཟའ་མི་གང་བོ་ཟི་ལིང་ལ་ལོ་སར་དུ་སོང་། ལོ་གསར་ཚེས་གཉིས་ཉིན་རླུང་ཆེན་ཞིག་གཡུགས་ནས་ཚོང་ཁང་གི་སྒོ་རླུང་གིས་ཕྱེས་པས་ཁྱིམ་མཚེས་ཀྱིས་རྐུན་མ་འཛུལ་བར་དོགས་ནས་ཁོ་ལ་ཁ་པར་བཏང་། ཡིན་ཡང་། ལོ་གསར་དུས་སྟོན་གྱི་སྐབས་ཡིན་པས་ཕྱིར་ལོག་མ་ཐུབ་པས་མངག་གཏོང་ཁང་ལ་རོགས་རམ་བྱེད་དགོས་པའི་རེ་བ་ཞུས། བཙུན་ཐར་རྒྱལ་གྱིས་མི་སྣ་རྩ་འཛུགས་བྱས་ནས་ཚོང་ཁང་གི་སྒོ་ཞིག་གསོ་བྱས་པར་མ་ཟད། ལྕགས་ཟྭ་གསར་པ་བརྒྱབ་ནས་ལྡེ་མིག་ཁོ་ཕྱིར་ཡོང་བའི་བར་དུ་དོ་དམ་བྱས། ཀྲང་ཅིན་ཁུའེ་བཟའ་མི་གང་བོ་སེམས་ཁྲལ་ཅི་ཡང་མེད་པར་སེམས་བདེ་མོའི་ངང་ལོ་སར་ལ་རོལ་བ་ཡིན་ཟེར།

བཙུན་ཐར་རྒྱལ་ནི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་རྒྱུན་པར་རང་ལ་རེ་བ་ནན་མོ་བཟུང་སྟེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་པ་དང་། དོ་དམ་མངའ་ཁོངས་ཀྱི་སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་མངོན་གསལ་གྱིས་ཇེ་མཐོར་གཏོང་བའི་ལས་ལ་བྲེལ་བཞིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།