ཏང་ཡོན་ཞིག་གི་འདུན་མ།

སྟོད་ན་གངས་དཀར་ལྷུན་པོ་རབ་ཏུ་བརྗིད།།

སྨད་ན་གཡང་ཆགས་སྡེ་གསར་ཕྲ་བཏབ་པ།།

འདབས་ན་གནག་ཕྱུགས་སྒོ་ཟོག་གྲངས་མང་བ།།

ཟོ་བཟང་སྐྱེ་བོའི་ལས་ནི་ཨེ་མ་སྨད།།

དབྱར་ཟླ་བཞི་པར་ཙོང་ཆུའི་འགྲམ་རྒྱུད་ཀྱི་ཡུལ་གྲུ་ཀུན་ཏུ་གོས་སྔོན་གྱིས་བཀླུབས་ཤིང་གང་ཟག་གང་ལ་ཡང་བརྗོད་དུ་མེད་པའི་སྤྲོ་སྣང་ཞིག་སྦྱིན་ཡོད།ཡིན་ཡང་མཛེས་པའི་སྙན་པ་སྲིད་གསུམ་ཀུན་ན་གྲགས་པའི་གསེར་དངུལ་རྩྭ་ཐང་དུ་དཔྱིད་ཀྱི་དཔལ་མོའི་གོམ་པའི་འདེགས་འཇོག་ཆེད་དུ་རྗེས་སུ་ལུས་པ་དང་མཚུངས་པར་འཁྱག་རླུང་ཞིག་དལ་བུར་ལྡང་ཞིང་མཆིས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་དང་མཚོ་སྔོན་པོ་ཞང་གི་འབྲེལ་ཡོད་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག ཧའེ་ཡན་རྫོང་མཚོ་སྔོན་པོ་ཞང་མདའ་བཞི་བུ་རྒོད་སྡེ་བར་བཅར་འདྲིར་སོང་བ་ཡིན། ང་ཚོ་སྡེ་བ་དེ་གའི་ཏང་ཡོན་བྱ་འགུལ་ཁང་གི་ལྷས་རར་སླེབས་ནས་ཅུང་མ་འགོར་བར། ནོར་མགོ་རྟགས་ཅན་གྱི་རླངས་འཁོར་དཀར་པོ་ཞིག་ཀྱང་ས་རྡུལ་ཁྲོད་མདའ་མོ་གཞུ་ལས་ཤོར་བ་ལྟར་ཐོན་བྱུང་།

གདོང་ཅུང་ནག་ལ་གཟུགས་སྟོབས་ཆེ་བ། གྲུང་ཤ་དོད་པའི་མི་ཞིག་སྤྲོ་བའི་ཉམས་དང་བཅས་ཏེ་རླངས་འཁོར་ལས་བབས་ནས་ང་ཚོའི་མདུན་དུ་འོངས་ནས“ཁྱེད་ཚོ་བདེ་མོ་ཡིན་ནམ”ཞེས་འཚམས་འདྲི་བྱས་བྱུང་།མི་དེ་ནི་གཞན་མ་ཡིན་པར། ཏག་ཏག་མཚོ་སྔོན་པོ་ཞང་མདའ་བཞི་བུ་རྒོད་སྡེ་བའི་ཧྲུའུ་ཅི་ཚེ་ཐར་རྒྱལ་རེད།

ཁོ་ནི་མཚོ་སྔོན་པོ་ཞང་མདའ་བཞི་བུ་རྒོད་སྡེ་བ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། 1997ལོར་དམག་ཁོངས་ནས་ཕྱིར་བུད་རྗེས། རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་ལས་ཀ་བཟང་པོ་དེ་དང་ལེན་མ་བྱས་པར། ཕ་ཡུལ་དྲན་པའི་འདུན་པ་དང་སྤུན་ན་ཟླའི་བརྩེ་འདང་།དབུལ་ཞིང་ཕོངས་པའི་ཕ་ཡུལ་གྱི་འཛུགས་སྐྲུན་བཅས་བསམས་ནས་ཕྱིར་ཕ་ཡུལ་ལ་ལོག་པའི་སེམས་ཐག་བཅད།

མདའ་བཞི་བུ་རྒོད་སྡེ་བ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་མཁར་གྱི་ཤར་ཕྱོགས་སུ་ཡོད་ལ། རྫོང་ཐོག་དང་བར་ཐག་ལ་སྤྱི་ལེ་བཅུ་ཙམ་ལས་མེད། སྡེ་བ་འདི་ནི་བོད་རིགས་གཙོས་བོད་རྒྱ་རིགས་གཉིས་འདུས་སྡོད་བྱས་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་ཡིན་པར་མ་ཟད། རྨང་གཞིའི་སྒྲིག་བཀོད་སོགས་ཆ་རྐྱེན་ཧ་ཅང་ཞན་པའི་དབུལ་ཕོངས་སྡེ་བ་ཞིག་ཀྱང་རེད།

1997ལོར་ཚེ་ཐར་རྒྱལ་ཕྱིར་ཕ་ཡུལ་དུ་ལོག་པ་དང་། ལོ་གཅིག་གི་རྗེས་སུ(1998ལོར)སྡེ་མི་ཚོས་ཁོའི་ཐུན་མོང་མ་ཡིན་པའི་བསམ་གཞིག་གི་ནུས་པ་དང་རྩལ་ནུས་མཐོང་སྟེ། མ་གྲོས་གཅིག་མཐུན་སྒོས་ཁོ་རང་སྡེ་དཔོན་དུ་བདམས། ཚེ་ཐར་རྒྱལ་གྱིས་ཀྱང་སྡེ་མི་ཚོའི་རེ་བ་སྟོང་ཟད་དུ་མ་བཏང་བར། མ་གཞི་ནས་འབྱོར་བ་ཞན་པའི་སྡེ་བ་འདིའི་འཕེལ་རྒྱས་གོང་འཕེལ་དང་སྡེ་མི་ཚོའི་བསམ་བློའི་གོ་རྟོགས་སད་པར། ཐོག་མར་གལ་ཆེ་བའི་ལས་དང་པོ་ནི་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པར་སྙམ་ནས། དཀའ་ངལ་ལ་མ་འཛེམ་པར་རྫོང་དང་ཞང་རིམ་པའི་མགོ་ཁྲིད་ལ་རེ་ཞུ་དང་མཐུན་སྦྱོར་གང་མང་བྱས་པ་བརྒྱུད། 2001གི་ལོར་སྡེ་བའི་གཞུང་ལམ་ཞིག་གསོ་དང་གློག་སོགས་འཐེན་ཏེ་རིམ་བཞིན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་མགོ་བརྩམས།

ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་སྤེལ་བ་བརྒྱུད། ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་སྡེ་མི་ཚོའི་སྣེ་ཁྲིད་དེ་དམངས་ཕན་སྲིད་ཇུས་གང་བཟང་དང་ལས་གཞི་སོགས་བརྩོན་ལེན་བྱས་ཏེ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང300ལྷག་གི་ཉེན་ཁང60ཙམ་ཞིག་གསོ་བྱས་ཏེ། སྔོན་ཆད་ཀྱི་ཞིག་རལ་ཏུ་གྱུར་པའི་ས་ཁང་ནས་ད་ལྟའི་སོ་ཕག་གི་ཁང་གསར་དུ་བསྒྱུར་བར་མ་ཟད། གཞན་ད་དུང་སྡེ་བའི་ཐུན་མོང་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་དངོས་འབེབས་གང་ལེགས་བྱས་ཏེ། རྒྱལ་ལམ315ཡི་མཚོ་སྔོན་པོའི་ཡུལ་སྐོར་ལམ་ཐིག་གི་དགེ་མཚན་དེ་དཔལ་འབྱོར་གྱི་ཡོང་སྒོ་འཕར་བའི་གོ་སྐབས་ཤིག་ཏུ་བརྩིས་ཏེ། ཚོང་འགུག་དངུལ་འདྲེན་དང་རྒྱལ་ཁབ་ཀྱི་ལས་གཞི་བརྩོན་ལེན་བྱེད་པའི་ཐབས་ལ་བརྟེན་ནས། ལམ་འགྲམ་དུ་ལོག་དཀར་མེ་ཏོག་འདེབས་པ་དང་རྩྭ་ས་བོགས་མར་གཏོང་བ། ཟ་ཁང་དང་མགྲོན་ཁང་སོགས་གཉེར་ཏེ། ལོ་རེར་ཡོང་སྒོ་སྒོར་ཁྲི20ལྷག་བཙལ་ཞིང་། མིག་སྔའི་བར་དུ། སྡེ་བའི་ཐུན་མོང་དཔལ་འབྱོར་སྒོར་ཁྲི70ལ་སླེབས། ཇི་སྐད་དུ། འཇུག་ངོགས་བདེ་བའི་རྫིང་བུ་ལ།། མཆོག་དམན་བར་མ་ཀུན་གྱིས་བརྟེན།། ཞེས་པ་ལྟར། མདའ་བཞི་བུ་རྒོད་སྡེ་བར་ཚེ་ཐར་རྒྱལ་ཞེས་གླེང་ཡོང་ཚེ། སྡེ་བའི་ཕོ་མོ་རྒན་གཞོན་ཚང་མས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། “སྔོན་ཆད་ང་ཚོའི་སྡེ་བར་མཚོན་ན། ཆ་རྐྱེན་མི་བཟང་བས་སྡེ་བའི་ནང་དུ་རླངས་འཁོར་བསྐོར་བའི་མི་གཅིག་གཉིས་ལས་མེད། ད་ལྟ་ཧ་ལམ་སྡེ་བ་ནང་གི་ཁྱིམ་ཚང་རེ་ལ་རླངས་འཁོར་རེ་ཡོད” ཁོའི་གཡོ་འགུལ་མེད་པའི་ཁྲ་ཆུང་མིག་ལ་བལྟས་ན། འབྱོར་འབྲིང་ལམ་དུ་བསྐྱོད་པར་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པ་གསལ་པོར་ཤེས་ཐུབ།

2015ལོའི་ཟླ9པར། ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཚོང་ལས་བློ་གྲོས་དང་མཚོ་སྔོན་པོའི་ཡུལ་སྐོར་རིག་གནས་ཀྱི་དགེ་མཚན་ལ་བརྟེན་ནས། དེ་སྔའི་ཧའེ་ཡན་མདའ་བཞི་ཁྱིམ་ཚང་ཕྱུགས་ར་རྒྱུད་བཟང་ནོར་གནག་གསོ་སྤེལ་རྟེན་གཞི་དེ་མཚོ་བྱང་ཆིང་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་རུ་བསྒྱུར་ཞིང་། མདའ་བཞི་བུ་རྒོད་སྡེ་བའི་སྡེ་མི་ཉི་ཤུའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ། ཁོ་ཚོར་ཟླ་རེར་གླ་ཕོགས་སྒོར1500ཡོད་པ་དང་། དེ་མིན་ད་དུང་སྡེ་བའི་སློབ་ཆེན་སློབ་མ5དང་ངལ་རྩོལ་གྱི་ནུས་པ་ཤོར་བའི་དབང་པོ་སྐྱོན་ཅན2ལའང་སོ་སོར་ཟླ་རེར་སྒོར200ཡིས་རོགས་སྐྱོར་བྱེད་བཞིན་འདུག

དབང་པོ་སྐྱོན་ཅན་ལི་ཞན་མེན་དང་ལི་ཧྲི་ཧྥུ་གཉིས་ཀྱིས་བཤད་རྒྱུར། “ཧྲུའུ་ཅི་ནི་མི་བཟང་ཞིག་རེད།ཟླ་རེར་ངེད་གཉིས་ལ་སྒོར200རེའི་རོགས་སྐྱོར་བྱེད་བཞིན་ཡོད། ངོ་མས་བཀའ་དྲིན་ཆེ”ཟེར།

ཧྲུའུ་ཅིའི་གཞན་ཕན་ལྷག་བསམ་དཀར་པོའི་བྱེད་སྟངས་དེ་ལ་སྡེ་མི་ཀུན་གྱིས་ཁས་ལེན་དང་དགའ་བསུ་ཆེན་པོ་བྱེད་ཀྱིན་འདུག

ན་ནིང་ཁོའི་ཆུང་མ་ལྷ་མོ་མཚོ་ཡིས་རང་གི་ཁྱོ་ག་སྡེ་དོན་དང་རང་དོན་གྱི་ཕྱིར་དུ་དུས་ཚོད་སྐར་ཆ་རེ་ལའང་སྡོད་དབང་མེད་པར་བྲེལ་འཚུབ་ཀྱིས་ཁེངས་པའི་ཚུལ་དེ་མཐོང་བས། སྡེ་དོན་དང་རང་དོན་གཉིས་བརླག་པར་དོགས་ནས་ཁོ་ལ་ལས་ཁུར་དགོངས་ཞུ་བྱེད་དུ་བཅུག་མོད། ཡིན་ཡང་ལོ་ཕྱེད་ཙམ་གྱི་རྗེས་སུ་སྡེ་མི་ཚོའི་རེ་བ་ལྟར་སླར་ཡང་ཧྲུའུ་ཅིའི་འགན་འཁུར།

ད་ལོའི་ཟླ3པར། སྡེ་བའི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་ཏང་ཡོན་ལ་སྔར་བས་དོ་དམ་བྱེད་པར། ཚེ་ཐར་རྒྱལ་གྱིས“ཏང་ཡོན+སྐད་འཕྲིན+ཞབས་ཞུ”ཡི་བྱེད་ཐབས་བཏོན་ནས། སྡེ་བ་ཡོངས་ཀྱི་ཏང་ཡོན30རྩ་འཛུགས་བྱས་ཏེ་ཚན་ཆུང5རུ་བགོས་པ་དང་། དེ་ལ་ཚོགས་གཙོ་རེ་བཞག་ནས་སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་བྱེད་ཀྱིན་འདུག

“སྡེ་མི་ཚོས་གནས་ཚུལ་དེ་མཐོང་རྗེས། ལ་ལས་ཀུ་རེ་རྩེད་མོའི་ཚུལ་དུ་ཁྱོད་ཚོའི་དོ་དམ་དེ་ནི་གཏོར་གཟུགས་མཆོད་རྟེན་རྣམ་པའི་དོ་དམ་བྱེད་ཐབས་རེད་ཟེར”ཞེས་ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་གདོང་ལ་འཛུམ་དང་བཅས་ཏེ་བཤད་བྱུང་།

ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་བཤད་རྒྱུར།ཏང་བཙུགས་ནས་ལོ་འཁོར100ལོན་པའི་དུས་སྐབས་འདིར། “ཏང་གིས་ང་རང་ལོ་གང་མང་ཞིག་ལ་སྐྱེད་སྲིང་བྱས་པའི་རེ་བ་ནི་མི་དམངས་ལ་ཞབས་འདེགས་ཞུ་རུ་འཇུག་རྒྱུ་དེ་ཡིན་པས། ངས་ཀྱང་རེ་བ་དེ་སྟོང་ཟད་དུ་མི་གཏོང་བར་ཏང་དང་སྲིད་གཞུང་།སྡེ་མི་བཅས་ལ་ངོ་གནོངས་མི་དགོས་པའི་དོན་དངོས་དང་དོན་བཟང་བསྒྲུབ་ངེས་ཡིན”ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།