མཚོ་བོད་དྲ་སྦྲེལ་བཟོ་གྲྭའི་མ་འཇོག་དང་སྐྱེལ་འདྲེན་བྱས་པའི་ལོ་བཅུའི་རིང་གི་དྭངས་གཙང་ནུས་རྒྱུ་སྐྱེལ་འདྲེན་བྱེད་ནུས་བརྟན་འཇགས་ངང་མཐོ་རུ་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། “གློག་ཤུགས་མཁའ་ལམ”མཚོ་བོད་དྲ་སྦྲེལ་བཟོ་གྲྭས་ཉིན19ཡི་དུས་ཚོད་བེད་སྤྱད་ནས། ལོ་འཁོར་གྱི་ཞིབ་བཤེར་བཟོ་བཅོས་ལས་འགན་ཐེངས་བཅུ་པ་ལེགས་པོར་བསྒྲུབས་ཏེ་གློག་མཁོ་འདོན་བྱ་བ་བདེ་བླག་ངང་སླར་གསོ་བྱས་པས། འདི་དུས་མཚམས་དབྱེ་ཁུལ་དུ་བཟུང་ནས་བཟོ་གྲྭས་གློག་ནུས་སྐྱེལ་འདྲེན་གྱི་ཁ་ཕྱོགས་བསྒྱུར་ཏེ་བོད་ལྗོངས་ཀྱི་འབྱོར་ཕྱུག་ཆུ་གློག་ཕྱིར་གཏོང་བྱེད་མགོ་བརྩམས་ཤིང་། བཟོ་གྲྭས་མ་འཇོག་དང་སྐྱེལ་འདྲེན་བྱས་ནས་ལོ་བཅུ་འགོར་བའི་རིང་། དྭངས་གཙང་ནུས་རྒྱུའི་སྐྱེལ་འདྲེན་ནུས་པ་བརྟན་འཇགས་ངང་མཐོ་རུ་ཕྱིན་ནས་ཕྱོགས་གཉིས་ཀྱིས་རིམ་རྩིས་བྱས་ན་གློག་ནུས་ཆུ་ཚོད་རེའི་ཆན་ཝ་དུང་ཕྱུར128.16བཏང་བའི་ནང་། མཚོ་སྔོན་གྱིས་བོད་ལྗོངས་ལ་ཆུ་ཚོད་རེའི་ཆན་ཝ་དུང་ཕྱུར86.28བཏང་བ་དང་། བོད་ལྗོངས་ཀྱིས་ཆུ་ཚོད་རེའི་ཆན་ཝ་དུང་ཕྱུར41.88ཕྱིར་གཏོང་བྱས་ཡོད།

མཚོ་བོད་དྲ་སྦྲེལ་བཟོ་གྲྭ་ནི་ཤར་མཚོ་སྔོན་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་སའི་བར་ཡིན་པ་དང་། 2011ལོའི་ཟླ12པར་གཉེར་སྐྱོང་བྱེད་མགོ་བརྩམས། བོད་ལྗོངས་སུ་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ནི“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་མཐུད་འབྲེལ་རྟེན་གཞི་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དགུན་དུས་གློག་དཀོན་པ་དང་དབྱར་དུས་སུ་ཆུ་རྒྱས་པའི་སྐབས་སུ་གློག་ཕྱིར་གཏོང་དཀའ་བའི་གནད་དོན་བྱུང་བས་མཚོ་བོད་དྲ་སྦྲེལ་བཟོ་གྲྭ་འཁོར་རྒྱུག་བྱས་པ་དེས་བོད་ལྗོངས་ཀྱི་ནུས་རྒྱུའི་དཀའ་གནད་བསལ་ནས་བོད་ལྗོངས་ཀྱི་དུས་ཡུན་རིང་པོའི་ནང་གི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད།

ཤེས་རྟོགས་ལྟར་ན། 2015ལོའི་ཟླ6པར་བཟོ་གྲྭའི་ལྡོག་འཁོར་ནུས་པ་ཚོད་ལྟ་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ཆུ་ཤུགས་གློག་ཁང་གིས་ལོ་རྒྱུས་རང་བཞིན་གྱི་ཕྱིར་གཏོང་བྱེད་ཐེངས་དང་པོ་བྱས། དུས་དེ་ནས་བཟུང་ལོ་རེའི་དབྱར་དུས་དང་སྟོན་དུས་སུ་བོད་ལྗོངས་ཀྱི་ཆུ་གློག་མཚོ་སྔོན་དུ་འདྲེན་བ་དང་། དགུན་དང་དཔྱིད་ཀྱི་དུས་སུ་མཚོ་སྔོན་གྱི་ལྗང་གློག་བོད་ལྗོངས་སུ་འདྲེན་པའི་ཆོས་ཉིད་དང་ཁྱད་ཆོས་ཀྱིས་བོད་ལྗོངས་ལ་དཔལ་འབྱོར་གྱི་ཕན་འབྲས་ཐོབ་པ་དང་ཆབས་ཅིག་ཁྱབ་ཁོངས་སྔར་བས་ཆེ་བའི་ནང་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་བཀོད་སྒྲིག་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། བོད་ལྗོངས་དབུས་རྒྱུད་ས་ཁུལ་གྱི་གློག་དྲའི་གྲུབ་ཆར་ཤུགས་སྣོན་དང་གློག་སྤྱོད་ཀྱི་ཐེག་ཚད་ཆེ་རུ་ཕྱིན་པ་དང་བསྟུན་ནས། རྒྱལ་ཁབ་གློག་དྲ་ཀུང་སིས་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ཐད་རྒྱུག་མ་ལག་གི་ཕྱོགས་གཉིས་ཀྱི་གློག་གཏོང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། དེའི་ཤུགས་ཐོག་མའི་འཁོར་སྐྱོད་དུས་ཀྱི་ཀྲའོ་ཝ100ནས་ད་ལྟའི་ཀྲའོ་ཝ་མཐོ་ཤོས600བར་མཐོ་རུ་ཕྱིན་པས། ཚྭ་འདམ་གཤོངས་ནས་ལྷ་སའི་ཐད་རྒྱུག་གི་ཤུགས་ཚད་མཐོ་བའི་འཁོར་སྐྱོད་དེ་རྒྱུན་རྣམ་ཅན་དུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།