མཚོ་སྔོན་ཞིང་ཆེན་གྱི2021ལོའི་མཐོ་རྒྱུགས་དཀྱུས་མ་བདེ་ལེགས་ངང་མཇུག་བསྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི2021ལོའི་མཐོ་རྒྱུགས་དཀྱུས་མ་བདེ་ལེགས་ངང་མཇུག་བསྒྲིལ། ད་ལོའི་མཐོ་རྒྱུགས་ལ་ཁྱོན་རྒྱུགས་ཁུལ34དང་། རྒྱུགས་ལེན་ས་ཚིགས49།  རྒྱུགས་ར1666། རྒྱུགས་སྤྲོད་སློབ་མ48310བཅས་ཡོད་ཅིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་མཐོ་རྒྱུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱུགས་དོན་མི་སྣ8000ལྷག་ཙམ་གྱིས་ཡིག་རྒྱུགས་ལས་དོན་ལ་རྩ་འཛུགས་བྱས་ཏེ། ནད་ཡམས་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་སྲུང་སྐྱོབ། ཡིག་རྒྱུགས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་ལས་དོན་ནང་ཞུགས་ཏེ་ཡིག་རྒྱུགས་དོ་དམ་ནན་མོ་དང་། རྒྱུགས་ཤོག་གི་གསང་སྲུང་ལ་ཤུགས་སྣོན། ཚན་རིག་དང་མཐུན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན། རྒྱུགས་སྲོལ་རྒྱུགས་ཁྲིམས་ནན་འཛིན་བྱས་ཏེ། བདེ་བླག་ངང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡོམ་འགོག་རྒུད་སྐྱོབ་ཀྱི་ཚོད་བགམ་ཉིས་བརྩེགས་ལས་རྣམ་པར་རྒྱལ་བ་དང་། ལོ་ངོ་མང་པོར་བསྟུད་མར་བདེ་འཇགས་ཀྱི་ཡིག་རྒྱུགས་དམིགས་ཚད་མངོན་འགྱུར་བྱུང་།

མགོ་ལོག་ས་ཁུལ་དུ“5·22”ཡི་ཚད་རིམ7.4ཅན་གྱི་ས་འགུལ་བྱུང་རྗེས་ཡོམ་འཕྲོ་ཡང་ཡང་བྱུང་པའི་དམིགས་བསལ་དུས་བབ་དང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་ཚེ་སྲོག་བདེ་འཇགས་དང་ཡིག་རྒྱུགས་བརྟན་འཇགས་ངང་ལག་བསྟར་ཐུབ་པར་འགན་ལེན་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་བླ་ན་མེད་པར་བརྩི་བ་”རྒྱུན་འཁྱོངས་བྱས་ནས། མགོ་ཁྲིད་གཙོ་བོས་སྐུ་དངོས་སུ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་མ་ཟད་བྱ་བའི་བླང་བྱ་བཏོན་པ་དང་། སློབ་གསོ་པུའུ་ཡིས་འཕྲལ་དུ་ཐུགས་ཁུར་དང་། ནུས་ལྡན་གྱི་མཛུབ་ཁྲིད་བྱས་ཏེ། ཞིང་ཆེན་སློབ་བསྡུ་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་མོ་དང་། མགོ་ལོག་ཁུལ་སློབ་བསྡུ་ཨུ་ལྷན་གྱིས་འབྲེལ་ཡོད་ལས་དོན་བཟང་པོ་བསྒྲུབ་པར་མཛུབ་ཁྲིད་བྱེད་པ། མགོ་ལོག་ཁུལ་གྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས“སྦྲ་གུར་གྱི་རྒྱུགས་ར”ཕུབ་པ་དང་། སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱུགས་ལེན་བྱ་བར་འགན་ལེན་དང་། ཡིག་རྒྱུགས་ལས་དོན་རྩ་འཛུགས་དང་འཕྲལ་སྡོམ་ཐག་གཅོད་ཀྱི“ནོར་འཛོལ་མེད་པ”གཉིས་དང་། དེ་བཞིན་རྒྱུགས་སྲོལ་རྒྱུགས་ཁྲིམས་དང་། བདེ་འཇགས་དོ་དམ། རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་ལས་དོན་བཅས་ཀྱི་ཚད་གཞི་གསུམ“དམའ་རུ་མི་འགྲོ་བ”མངོན་འགྱུར་བྱུང་ཡོད་པས། རྒྱུགས་སྤྲོད་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱི་ཁས་ལེན་གང་ལེགས་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

ཡིག་རྒྱུགས་ལེན་སྐབས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་རིམ་པ་ཁག་གི་དྲིལ་བསྒྲགས་དང་། དྲ་འཕྲིན་དང་སྤྱི་བདེ། གསང་སྲུང་། འཕྲོད་བསྟེན་བདེ་ཐང་། ནད་ཡམས་སྔོན་འགོག སྐུད་མེད་གློག་དོ་དམ། ཁྲོམ་ར་ལྟ་སྐུལ་དོ་དམ། གློག་ཤུགས་སོགས་སློབ་བསྡུ་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱིས་མཉམ་འབྲེལ་གྱིས་མཐོ་རྒྱུགས་ཀྱི“སྲུང་སྐྱེལ་བྱ་སྤྱོད”གཅིག་སྡུད་ཀྱིས་སྤེལ་བ་དང་། ཡིག་རྒྱུགས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་། སྤྱི་ཚོགས་ལས་རིགས་ཁག་གིས“སེམས་ཁམས་ཟུར་ཁྲིད་ཀྱིས་ཡིག་རྒྱུགས་ལ་རོགས་རམ་བྱེད་པ”དང“གཅེས་སེམས་རླངས་འཁོར་རུ་ཁག་གིས་ཡིག་རྒྱུགས་ལ་འགན་ལེན་བྱེད་པ” “སྒྲ་མེད་པར་བློ་བདེ་བོའི་ངང་རྒྱུགས་སྤྲོད་པར་ལྟ་སྲུང”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་བློ་བདེ་པོའི་ངང་ཡིག་རྒྱུགས་ལ་ཞུགས་པར་འགན་སྲུང་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུ་རྒྱུགས་སྤྲོད་ལས་དོན་གྱི་འཕེལ་རིམ་བཀོད་སྒྲིག་གཞིར་བཟུང་། ཟླ6པའི་ཚེས10ཉིན་ནས་བཟུང་། རྒྱུགས་ཤོག་ལ་བལྟ་བའི་ལས་དོན་གྱི་དུས་མཚམས་སུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་ན། ཟླ6པའི་ཚེས25ཉིན་རིམ་པ་སོ་སོའི་སློབ་བསྡུའི་སྐར་གྲངས་དང་རྒྱུགས་སྤྲོད་སློབ་མའི་རྒྱུགས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཟླ7པའི་ཟླ་མགོ་ནས་ཟླ8པའི་ཟླ་སྨད་བར་སློབ་མ་བསྡུ་བའི་ལས་དོན་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།