ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། སྐབས་དང་པོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ཀྱི་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་ནས། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་དང་ཚོང་པར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ལེགས་ཆ་ལྡན་པའི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་མ་གཏོང་བ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཧུར་ཐག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་རྒྱུ་རེད།
འོས་སྦྱོར་འདུ་ཚོགས་ཀྱིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། སྐྱེ་ཁམས་ཀྱི་བརྗོད་བྱ་གཙོ་བོ་འབུར་དུ་བཏོད་ཏེ་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བའི་གྲུབ་འབྲས་དང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ནང་དོན་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད། འོས་སྦྱོར་ཚོགས་འདུས་ཁྱད་ཏུ་མཚར་བའི་སྐྱེ་ཁམས་ཡུལ་སྐོར་དྲིལ་བསྒྲགས་པར་གཞི་དང་། གསོན་ཉམས་དོད་པའི་ཐོན་ཁུངས་འོས་སྦྱོར། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བཅས་ཟུང་དུ་སྦྲེལ་བས་ཚོགས་ཞུགས་མི་སྣས་དགའ་བསུ་ཆེན་པོ་ཐོབ་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ཏུ་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་རིན་ཐང་ཆེན་པོ་ཡོད་ལ། མི་རྣམས་ཀྱིས་ཡི་རང་བྱེད་རུང་བའི་ས་མཐོའི་གནས་གཙང་ཞིག་རེད་ཅེས་བཤད།
འོས་སྦྱོར་ཚོགས་འདུའི་རིང་། ཆེད་མཁས་པ་གདན་དྲངས་ནས“རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱིས་སྣེ་ཁྲིད་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་མཉམ་སྤྱོད་སྤེལ་རེས་བྱས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོན་ཀྱཱ་འབྲོག་རའི་འགན་འཁུར་བས་སྐྱེ་ཁམས་འཕེལ་རྒྱས་སྲུང་སྐྱོང་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་སོགས་ལ་དམིགས་ནས་སྐྱེ་ཁམས་ཡུལ་སྐོར་གྱི་དབུལ་སྐྱོར་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་བོད་རྒྱལ་ཁབ་ཡུལ་སྐོར་གྱི་འབྲེལ་ཡོད་མི་སྣས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་བཏང་བའི་གནས་ཚུལ་དང་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ངོ་སྤྲོད་བྱས་པ་རེད། འོས་སྦྱོར་ཚོགས་འདུའི་རྣམ་པ་བརྒྱུད་དེ། སྔར་བས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་གསར་བ་དང་རྣམ་པ་གསར་བ། ལས་རྣམ་གསར་བ་བཅས་བཏོད་དེ་སྐྱེ་ཁམས་ཡུལ་སྐོར་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འོས་སྦྱོར་འདུ་ཚོགས་འཚོགས་པ།