ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཡུན་ནན་དང་མཚོ་སྔོན་གཉིས་ཀྱི་ཚོང་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན། ཀྲུང་གོ(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཡུན་ནན་དང་མཚོ་སྔོན་གཉིས་ཀྱི་ཚོང་དོན་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཡུན་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཆིའུ་ཅང་གཉིས་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

ལིའུ་ཁྲའོ་ཡིས་བསྟན་དོན། མིག་སྔར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་པའི“བློ་བརྟན་འགྱུར་མེད་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། “རྟེན་གཞི་བཞི”ཡི་ལས་འགན་གལ་ཆེན་མགྱོགས་མྱུར་ངང་སྐྲུན་པར་དམིགས་ནས་ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་ཧུར་ཐག་སྒོས་གཏོད་བཞིན་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཤིང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དེ། ང་ཚོས་མུ་མཐུད་དུ་སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་དང་སྒོ་དབྱེ་མཉམ་ལས་བྱེད་པ། གཉིས་ཕན་འཕེལ་རྒྱས་གཏོང་བ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཡུན་ནན་སོགས་ཕྱོགས་སོ་སོ་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཏེ། མཉམ་དུ་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་བསྒྱུར་བར་ཐུན་མོང་ཐོག་སྐུལ་འདེད་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་གིས་གཏོད་རྒྱུ་ཡིན། ཡུན་ནན་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་རང་ངོས་ཀྱི་ལེགས་ཆ་ཡོད་ལ། དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བས་ཞིང་ཆེན་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་བསྣན་ནས་མཉམ་ལས་ཀྱི་གོ་སྐབས་སྔར་བས་མང་པོ་བཙལ་ཏེ་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

ཆིའུ་ཅང་གིས་བསྟན་དོན། ཡུན་ནན་ཞིང་ཆེན་གྱིས་རང་བྱུང་གི་ས་ཁམས་ཁོར་ཡུག་དང་སྐྱེ་ཁམས་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐུན་མིན་ཁྱད་ཆོས་ལྡན་ལ་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། མཚོ་སྔོན་དང་ཡུན་ནན་ཞིང་ཆེན་གཉིས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་ཡིན་པས། ཞིང་ཆེན་གཉིས་ཀྱིས་ཐེངས་འདིའི་དངོས་མང་སྟོན་ཚོགས་ལ་བརྟེན་ནས་སྔར་ལས་ཡངས་པའི་མཉམ་ལས་ལས་སྟེགས་བསྐྲུན་ཏེ་རིམ་པ་ཟབ་པའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས81དང་ཡུན་ནན་གྱི་ཁེ་ལས47འོས་སྦྱོར་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།