ཝུའུ་ཧེ་ཁུན་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་གསོག་བཟོ་གྲྭའི་ལས་གཞི་ཆེན་མོར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིར་སོང་ནས།   འགན་ལེན་འབྲེལ་འདྲིས་བྱས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་གསོག་བཟོ་གྲྭའི་ལས་གཞི་ཆེན་མོར་ཆེད་དོན་རྟོག་ཞིབ་བྱས།

ཝུའུ་ཧེ་ཁུན་གྱིས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།     ཞིང་ཆེན་ནུས་ཁུངས་ཅུའུ།   ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན།    ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས།    ལས་གཞི་སྡེ་ཁག་དང་འབྲེལ་ཡོད་ཐིན་དང་ཅུའུ་ཡིས་སྤེལ་བའི་དུས་སྐབས་སྔོན་མའི་བྱ་བར་ཁས་ལེན་གང་ལེགས་བྱས།  ཁོས་ནན་གྱིས་བསྟན་དོན།   རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་གསོག་བཟོ་གྲྭའི་ལས་གཞི་ཆེན་མོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཡིན་པ་དང་།    རྒྱལ་ཁབ་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཡིན་པར་མ་ཟད།   འཛམ་གླིང་དང་བསྟུན་པ་དང་ལྷག་པར་དུ་རང་རྒྱལ་ནུས་ཁུངས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དང་བསྟུན་པའི་ཞིབ་ཕྲའི་འགུལ་སྐྱོད་ཡིན་པས།    ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཐཱན་ཉུང་གཏོང་དང་ཉིས་སྟོང་དྲུག་ཅུ་ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་སྐུལ་འདེད་ཀྱི་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།

ཝུའུ་ཧེ་ཁུན་གྱིས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་།   འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོར་འཛུགས་པ།    དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བླང་བྱར་རྒྱུས་ལོན་ཡང་དག་བྱེད་པ།    མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་ནུས་ཁུངས་གསར་པའི་འཕེལ་རྒྱས་ཐད་ཀྱི་དཀའ་གནད་སེལ་བ།    ལངས་གནས་སྔར་ལས་མཐོ་བ་དང་མིག་རྒྱང་སྔར་ལས་རིང་བ།    ཕན་ནུས་སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་ལས་གཞི་འཛུགས་སྐྲུན་གྱི་བྱ་བ་སོ་སོར་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ།   གཅིག་ནི་འབྲེལ་ཡོད་ལས་གཞི་སོ་སོའི་དུས་སྐབས་སྔོན་མའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།  ཕྱོགས་ཡོངས་ནས་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པར་བསམ་གཞིགས་གཏོང་དགོས།   གཉིས་ནི་སེམས་ཤུགས་གཅིག་སྒྲིལ་དང་རྩ་འཛུགས་ལ་ཤུགས་སྣོན་པ།   མཉམ་ཤུགས་གྲུབ་པར་བྱེད་པ་བཅས་བྱས་ནས་ནུས་གསོག་བཟོ་གྲྭའི་ལས་གཞིའི་འབྲེལ་ཡོད་བྱ་བ་མཉམ་དུ་བཟང་བོར་བསྒྲུབ་དགོས།   གསུམ་ནི་བསམ་བློ་བཅིངས་འགྲོལ་དང་ཞིབ་འཇུག་ནན་མོ་བྱེད་པ་དང་།     སྤྱི་སྡོམ་ཡག་པོ་བྱེད་པ།    ཡར་ཞུ་འབྲེལ་འདྲིས་ལ་ཤུགས་སྣོན་པ།   ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་བཅས་བྱས་ནས་ལས་གཞི་སྔ་མོ་ནས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།