ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོར་མགོ་ལོག་ཁུལ་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་མགོའི་ཆུའི་སྤུས་ཚད་ཀྱི་ཚད་ལོངས་ཚད100%ཟིན་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་99.4%ཟིན་ལ། ནགས་རྩྭའི་སྔོ་ཁེབས་ཁྱབ་ཚད60.2%། ནགས་ཚལ་ཁྱབ་ཚད13.4%ཡན་ཟིན། ཉམས་ཞན་དུ་རྩྭ་ས་བཅོས་སྒྲིག་བྱེད་ཚད52.77%ཟིན་ཡོད། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད93.15%ཟིན་ཡོད་པ་རེད།
མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བློ་བཟང་དགེ་འདུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མགོ་ལོག་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་ཁུལ་ཡིན་པས། མགོ་ལོག་ཁུལ་གྱིས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བཟང་པོ་བྱ་ཆེད་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད། ན་ནིང་ནས་བཟུང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས། རྩྭ་དཔོན་ལམ་ལུགས་ཀྱི་དོ་དམ་ལག་བསྟར་ནན་མོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་བཟོ་གྲྭའི་སྤུས་ཚད་དང་ཕན་འབྲས་ཚོད་སྐོར་བསྟུད་མར་ལོ་བདུན་ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། དེ་དང་ཆབས་ཅིག“3+2”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་མཉམ་སྒྲུབ་ལམ་སྲོལ་བཙུགས་ཏེ་ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་། རྗེས་མར“སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི”བླང་བྱར་དམིགས་པ་དང“ཐཱན་ཉུང་དུ་བཏང་ནས་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་དང་། ཆུ་མང་དུ་བཏང་ནས་ས་རྒྱུ་བརྟན་འཇགས་དང་ཉེན་འགོག་བྱེད་པ”བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚང་མ་ལྗང་མདོག་ཕྱོགས་སུ་ཕྱོགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མགོ་ལོག་གི་སྐྱེ་ཁམས་ཁོར་ཡུག་ལ་སྤྱི་དམངས་ཀྱི་བློ་ཡིད་ཚིམ་ཚད93.15%ཟིན།