2021ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སང་ཉིན་མཚོ་སྔོན་ཟི་ལིང་དུ་སྤེེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་ལ། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་ཀྲུང་གོའི་ཁོར་ཡུག་ཉིན་མོའང་ཡིན། ད་ལོའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཚེས6ཉིན་མཚོ་སྔོན་ཟི་ལིང་དུ་སྤེལ་རྒྱུ་རེད།  མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཚོགས་ར་གཙོ་བོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ཁག་ཡག་པོར་བསྒྲུབ་ཡོད། བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་ཀྱི་འདུ་ཤེས་སྲ་བརྟན་ངང་བཙུགས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཁྱིམ་གཞིས་བསྐྲུན་རྒྱུ་དེ་རེད། 

2021ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་ཞིང་། “མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཀྱི་བརྗོད་དོན་གཙོ་བོར་དམིགས་ནསཚོགས་ར་གཙོ་བོ“1”དང་ལེ་ལག་ཚང་བའི་བྱེད་སྒོ+N”གྱི་རྣམ་པ་སྤྱད་པ་ཞིག་ཡིན། འདིའང་ཐེངས་དང་པོར་ནུབ་རྒྱུད་ཞིང་ཆེན་དུ་གཉེར་བ་ཡིན་པས་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། 

ཟླ6པའི་ཚེས5ཉིན་གྱི་སྔ་དྲོར་ཚོགས་ར་གཙོ་བོའི་བྱེད་སྒོའི་མཛད་སྒོ་སྤེལ་ནས་ཡུལ་དངོས་སུ“‘མཛེས་བའི་ཀྲུང་གོ་སྟེ་ང་ནི་འགུལ་སྐྱོད་མཁན་ཡིན’ཞེས་པའི་སྤྱི་དམངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་གཏོང་བྱ་སྤྱོད་འཆར་གཞི”ཡི་སྤྱི་དམངས་ལེགས་ཤོས་བཅུའི་དཔེ་མཚོན་དང་། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྒོ་དབྱེའི་ལས་ཁུངས་བཅུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་མཛེས་ཤོས་བརྒྱ། 2021ལོའི་སྐྱེ་ཁམས་ཁོར་ཡུག་གི་ཆེད་མངགས་གདན་ཞུའི་ལྟ་ཞིབ་པ་བཅས་ཁྱབ་བསྒྲགས་བྱ་རྒྱུ་དང་། 2022ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་གཙོ་གཉེར་བྱེད་སྒོ་སྤེལ་ཡུལ་ཁྱབ་བསྒྲགས་བྱ་རྒྱུ་རེད། ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་གྱིས་ད་དུང་ཡུན་ནན་ཞིང་ཆེན་གྱི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དང་། རྐང་ཚ་རྫོང་གི་མཚོ་སྔོན་པོའི་གསེར་ཉའི་སྐྱེ་འཕེལ་ཕྱིར་གཏོང་ངམ“མཚོ་སྔོན་པོར་སྲུང་སྐྱོང་བྱེད་པར་ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་སྤྱོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་དྲིལ་བསྒྲགས་བྱེད་སྒོར་བརྙན་ལམ་ནས་འབྲེལ་འདྲིས་བྱ་རྒྱུ་རེད། ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། “བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ”དང་། “སྐྱེ་ཁམས་དཔལ་ཡོན་དང་དང་བླངས་མཉམ་སྐྱོད” “སྐྱེ་ཁམས་རྩོམ་རིག་དར་རྒྱས་སུ་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན་པ”བཅས་ཆེད་དོན་གླེང་སྟེགས་གསུམ་འཚོག་རྒྱུ་མ་ཟད། གླེང་སྟེགས་ཀྱི་གྲུབ་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།