མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“2021ལོའི་སྲོག་ཆགས་རིམས་འགོག་དང་ཡོང་ཁུངས་གཙང་སེལ”ཁྲིམས་འཛིན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྲོག་ཆགས་ཀྱི་རིམས་འགོག་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་ཡུལ་གཏོད་པར་རོགས་རམ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འབྲོག་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱ་ཆེད། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་བཀོད་སྒྲིག་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བླང་བྱ། རང་ཞིང་གི་དོན་དངོས་བཅས་ལ་ཟུང་འབྲེལ་བྱས་ཏེ། ཉེ་དུས། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“2021ལོའི་སྲོག་ཆགས་རིམས་འགོག་དང་ཡོང་ཁུངས་གཙང་སེལ”ཁྲིམས་འཛིན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཟོས་པ་རེད། 

《ལག་བསྟར་ཇུས་གཞི》ལྟར་ན། ཟླ5པའི་ཚེས11ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ལོ་ཧྲིལ་པོར་ཁྲིམས་འགལ་ངང་ཕྱུགས་བྱ་གཉེར་སྐྱོང་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་། ཐོན་སྐྱེད་གཉེར་སྐྱོང་གི་རྫུན་ཞན་ཕྱུགས་སྨན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། ཐོན་སྐྱེད་དང་གཉེར་སྐྱོང་། སྐྱེལ་འདྲེན་བཅས་བྱེད་པོའི་རིམས་འགོག་འདུ་ཤེས་ཆེ་རུ་གཏང་དགོས་པ་དང་། ཁྲིམས་ཀྱིས་སྔོན་འགོག་ལ་སྐུལ་འདེད་དང་ཁྲིམས་ལྟར་ཞིབ་དཔྱོད་ལ་སྐུལ་འདེད། ཁྲིམས་ལྟར་དག་ཐེར་ཡོ་བསྲང་བཅས་བྱེད་པའི་རྣམ་པ་གསར་པ་བཏོད་ནས་ཁྲིམས་དང་མི་མཐུན་པར་དབོར་འདྲེན་གྱིས་སྲོག་ཆགས་ཀྱི་རིམས་ནད་བྱུང་ཚུལ་དང་མི་ཕྱུགས་གཉིས་ཀར་གནོད་སྐྱོན་ཚབས་ཆེན་བཟོ་བ་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། གསོ་ཚགས་ར་བས(དུད་ཚང)ཕྱུགས་སྨན་ཉུང་གཏོང་བྱ་རྒྱུར་སྐུལ་ལྕག་བྱས་ནས་འཐེན་བཤེར་དང་ཉེན་ཁ་ལྟ་ཞིབ་ཚད་ལེན་གྱི་ཚད་མི་ལོན་པའི་ཕྱུགས་སྨན་མཐའ་གཅིག་ཏུ་ཐག་གཅོད་བྱས་ཏེ། “ཤ་སྣག་སྐྱེ་སྨན”སྣོན་པ་དང་ཕྱུགས་སྨན་རྫུས་མ་དང་། སྤུས་ཞན་ཐོན་སྐྱེད་དང་གཉེར་སྐྱོང་། ཆོག་འཐུས་མ་ཐོབ་པར་ཕྱུགས་སྨན་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ། སྨན་བཀག་དུས་ལྟར་མི་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་དགོས། 

ཟླ6པར། ས་གནས་སོ་སོས་ཟླ་བ་གཅིག་གི་དུས་ཚོད་སྤྱད་དེ་ནད་ཕོག་ནས་ཤི་བའི་ཕྱུགས་དང་ཁྱིམ་བྱ་གནོད་མེད་སྒོས་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱ་སྤྱོད་རྩ་འཛུགས་བྱས་ཏེ། ཟླ8པའི་ཟླ་སྨད་ནས་ཟླ11པའི་ཟླ་དཀྱིལ་བར། ས་གནས་སོ་སོས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། བཤས་གཏོང་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་དཔེ་མཚོན་གྱོད་དཔེ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒེར་གྱི་བཤས་གཏོང་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་གནོན་རྣམ་པ་ཞིག་ཆགས་པར་བྱ་དགོས། 

གཞན་ཡང་། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ་དང་གསོ་ཚགས་གཞིས་ཁུལ་གྱི་ཁྲིམས་འཛིན་ཞིབ་བཤེར་བྱ་སྤྱོད་སྒྲིག་འཛུགས་བྱས་ནས། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་དུས་ཐོག་ཏུ་བཅོས་སྒྲིག་བྱས་ཏེ་གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ་དང་གསོ་ཚགས་གཞིས་ཁུལ་གྱི་སྐྱེ་དངོས་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།