དམར་ལྡང་ཆུ་གློག་ས་ཚིགས་ཀྱི་ཆུ་རགས་འཛུགས་སྐྲུན་བྱེད་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས1ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱིས་སྐྲུན་འགན་འཁུར་བའི་རྨ་ཆུའི་སྟོད་རྒྱུད་ཀྱི་ས་བབ་ཆེས་མཐོ་བ་དང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ས་ཚིགས་ཆེས་ཆེ་ཤོས——མཚོ་སྔོན་རྨ་ཆུའི་དམར་ལྡང་ཆུ་གློག་ས་ཚིགས་ཀྱི་ཆུ་རགས་འཛུགས་སྐྲུན་བྱེད་མགོ་བརྩམས།  འདིིའི་ཐོག་ནས་ལས་གཞིའི་འཛུགས་སྐྲུན་ཆེས་མགྱོགས་པའི་དུས་སུ་སླེབས་པ་མཚོན་པ་དང་།  2024ལོའི་ཆེས་ཐོག་མའི་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་པའི་དམིགས་ཚད་འགྲུབ་པར་རྨང་གཞི་བརྟན་པོ་བཙུགས།

2011ལོ་ནས་བཟུང་ལས་གཞིའི་འཛུགས་སྐྲུན་གྱི་དུས་རིམ་དང་པོའི་ལས་གཞི་མགོ་བརྩམས་པ་དང་།  ལས་གཞི་མགོ་བཙུགས་རྗེས་ཚད་གཞི་དང་མཐུན་པར་ལོ་རེར་རྡོ་སོལ་ཏུན256གྲོན་ཆུང་བྱེད་ཐུབ་པ་དང་།  དབྱང་གཉིས་ཐན་རྫས་ཕྱིར་གཏོང་ཚད་ཕལ་ཆེར་ཏུན816ཇེ་ཉུང་དུ་གཏོང་ཐུབ།

དམར་ལྡང་ཆུ་གློག་ས་ཚིགས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ས་མཚམས་ཀྱི་རྨ་ཆུའི་བཞུར་རྒྱུན་དུ་ཡོད་ལ།  ཚལ་རྔ་འགག་གི་སྟོད་རྒྱུད་ཀྱི་རྨ་ཆུའི་གཞུང་རྒྱུན་མཚེའུ་ཁུལ་ནས་ཨེར་ཏུའོ་ཆུ་བོའི་བར་འཆར་འགོད་ལག་བསྟར་བྱེད་པའི་སྐས་རིམ་ཆུ་གློག་ས་ཚིགས་ཨང9བ་ཡིན་ཞིང་།  རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཡིན་པ་མ་ཟད།  གློག་ཤུགས་ནུབ་ནས་ཤར་དུ་སྐྱེལ་བའི་གློག་ཁུངས་གཙོ་བོ་ཀྱང་ཡིན།  ཆུ་གློག་ས་ཚིགས་ཀྱི་གློག་གཏོང་ཚད་ཆན་ཝ་ཁྲི220ཟིན་པ་དང་།  ལོ་མང་པོའི་རིང་ཆ་སྙོམས་ཀྱི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར73.04ཟིན་པ་དང་།  མཛོད་དུ་ཤོང་བའི་སྤྱིའི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར16.22ཟིན།  སྙོམས་སྒྲིག་མཛོད་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.06ཟིན།།

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།