མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ་དང་། འཆད་ཁྲིད་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཡན་ཀའོ་ཀུའེ་ཡིས“འོད་སྟོང་འབར་བའི་ཏང་གི་ལོ་རྒྱུས་ཁྲོད་ཀྱི་མཚོ་སྔོན་གྱི་གསར་བརྗེ”ཞེས་པ་བརྗོད་དོན་ཡིན་པའི་ཆེད་དོན་འཆད་ཁྲིད་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཀྲང་ཝུན་ཁུའེ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་བཅས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ལས་ཁུངས་ཀྱི་ཏང་ཡོན་ཚང་མས་མཉམ་གཅིག་ཏུ་འཆད་ཁྲིད་ལ་ཉན།

འཆད་ཁྲིད་ཁྲོད་ཀྲུང་གོ་གུང་ཁྲན་ཏང་རང་ཞིང་དུ་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་གཙོ་བྱས་ཏེ། ཅི་ཕྱིར་ནན་ཏན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་ནང་སློབ་སྦྱོང་ཅི་བྱེད་དགོས་པ། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་ལ་ཉམས་མྱོང་ཅི་ཡོད་པ་བཅས་ཕྱོགས་གསུམ་ནས་གོ་རིམ་ཡོད་པའི་སྒོ་ནས་རང་ཞིང་དུ་ཏང་འཚར་ལོངས་བྱུང་བའི་དུས་སྐབས་དང་འཚོལ་ཞིབ་བྱེད་པའི་དུས་སྐབས། ཧུར་བརྩོན་བྱེད་པའི་དུས་སྐབས་ནས་རིམ་བཞིན་གཉོན་ལག་རྒྱས་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཚམས་སྦྱོར་བྱས། འཆད་ཁྲིད་ཀྱི་བརྗོད་དོན་དང་རིག་ལམ་གསལ་ལ། དགོངས་དོན་གཏིང་ཟབ་པས། རིགས་གཞུང་ཐད་ཀྱི་མཐོ་ཚད་ཡོད་པ་མ་ཟད། ལག་ལེན་སྟེང་གི་མཛུབ་ཁྲིད་ཀྱང་ཡོད་པར་བརྟེན། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ཏང་ཡོན་ཚང་མས་སྔར་ལས་ལྷག་པར་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་དུ་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་སློབ་སྦྱོང་བྱེད་པར་མཐུན་རྐྱེན་སྐྲུན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་བྱ་འགུལ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།