མཚོ་སྔོན་ཞིང་ཆེན་གྱི“5·22”རྨ་སྟོད་ས་འགུལ་གནོད་སེལ་རྒུད་སྐྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི“5·22”རྨ་སྟོད་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། རྨ་སྟོད“5·22”ས་འགུལ་གནོད་སེལ་རྒུད་སྐྱོད་བྱ་བའི་གནས་ཚུལ་སྙན་ཞུར་མཉན་པ་དང་། གནོད་འགོག་གནོད་སེལ་དང་གནོད་ཁུལ་བསྐྱར་སྐྲུན་གྱི་ལས་དོན་ལ་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་ངམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞང་གིས་གཏམ་བཤད། 

མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝུའུ་ཞའོ་ཅོན་དང་། ལི་ཅེ་ཞང་། ཡུས་ཚུང་ལི། ཁོང་ཡུང་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ལས་བསྟན་དོན། རྨ་སྟོད“5·22”ས་འགུལ་གྱི་རིམ་པ་མཐོ་ཞིང་། ཤུགས་ཚད་ཆེ་བ། འཕྲོ་འགུལ་མང་ཞིང་། ཤན་ཤུགས་ཁྱབ་རྒྱ་ཆེ་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བརྩེ་སེམས་དང་མགོ་ཁྲིད་བརྟན་པོའི་འོག  འཕྲལ་བསྟུན་མྱུར་སྐྱོབ་རྩ་འཛུགས་མགོ་ཁྲིད་ལ་ཤུགས་ཡོད་པ་དང་། ཧུར་ཐག་གིས་གོ་རིམ་ལྡན་པ་དང་། ཐག་གཅོད་འགན་སྲུང་ལ་ཁ་ཕྱོགས་པ། དྲིལ་སྒྲོག་བསྒྲགས་གཏོང་ལ་ཤུགས་ཚད་ཡོད་པ། རྩད་ཞིབ་དཔྱད་འཇོག་ལ་གཞི་འཛིན་ས་ཡོད་པ། དེ་མིན་བྱ་བར་ཕན་འབྲས་ཡོད་པར་བྱས་ནས། གནོད་འཚེའི་གྱོང་གུད་དམའ་རུ་བཏང་སྟེ། ས་འགུལ་གྱི་རིམ་པ་ཆེ་ཤོས་ཁྲོད་ཤི་བའི་གནས་ཚུལ་མེད་པ་དང་། རྨས་སྐྱོན་ཐེབས་མཁན་ཉུང་བའི་ཁྱད་མཚར་བསྐྲུན་ཞིང་། གནོད་སེལ་རྒུད་སྐྱོབ་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དེས་སྤྱི་ཚོགས་རིང་ལུགས་སྒྲིག་གཞིའི་ཁྱད་འཕགས་རང་བཞིན་མངོན་པར་མཚོན། 

གྲོས་ཚོགས་ལས་བསྟན་དོན། གནོད་སེལ་རྒུད་སྐྱོབ་ལ་འཕྲལ་བསྟུན་མྱུར་སྐྱོབ་ནས་གནོད་ཤུལ་བསྐྱར་སྐྲུན་གྱི་དུས་སྐབས་སུ་བསྒྱུར་བ་དང་། ངེས་པར་དུ་ཀླད་པ་གསལ་པོ་དང་། གནོད་སྐྱོན་གྱི་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས། གནོད་སེལ་རྒུད་སྐྱོབ་དམ་འཛིན་བྱེད་པའི་ཞོར་དུ། གནོད་ཤུལ་བསྐྱར་སྐྲུན་ལ་དམ་འཛིན་བྱས་ཏེ། བྱ་བའི་སྣ་སོ་སོ་དམ་འཛིན་དང་གནད་དུ་ཐིངས་པར་བྱེད་དགོས། ཕན་འབྲས་མཐོ་བའི་བཀོད་འདོམས་མ་ལག་སྒྲིག་འཛུགས་བྱེད་པ་དང་། མགོ་ཁྲིད་ཚན་ཆུང་འོག་ཏུ་གནོད་ཤུལ་བསྐྱར་སྐྲུན་བཀོད་འདོམས་པུའུ་སྒྲིག་འཛུགས་དང་། བཀོད་འདོམས་པུའུ་ཡི་འོག་ཏུ་གཞུང་སྒྲུབ་ཁང་སྒྲིག་འཛུགས་བྱེད་པ། རིམ་པ་གཅིག་གིས་རིམ་པ་དེར་འགན་ཁུར་བ་དང་། རིམ་པ་སོ་སོས་འགན་འཁྲི་ཕྲག་ཏུ་ལེན་དགོས། ཆེད་ལས་ཅན་གྱི་གནོད་འཚེའི་གྱོང་གུད་དཔྱད་འཇོག་ཚོགས་པ་གྲུབ་པར་བྱས་ནས། འཕྲལ་བསྟུན་དོ་དམ་སྡེ་ཁག་གཙོར་བཟུང་། ཆེད་ལས་ཚོགས་པས་ལག་རྩལ་མཛུབ་སྟོན་མཁོ་འདོན་བྱས་ཏེ། ཁྱོན་ཡོངས་ནས་ཚན་རིག་གནད་འཁེལ་སྒོས་གནོད་འཚེའི་གནས་ཚུལ་ཞིབ་བཤེར་དཔྱད་འཇོག་བྱ་བ་སྤེལ་ནས། གནོད་ཤུལ་བསྐྱར་སྐྲུན་ལ་བདེན་དཔང་མཁོ་འདོན་བྱེད་དགོས། 

སྤུས་ཚད་མཐོ་བའི་གནོད་ཤུལ་བསྐྱར་སྐྲུན་བྱ་བའི་བྱ་ཐབས་གཏན་འབེབས་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་དང་མཐུད་སྦྲེལ་དམ་ཟབ་བྱས་ཏེ། དེང་སྐབས་ལ་རྐང་འཛུགས་པ་དང་། ཡུན་རིང་ལ་དམིགས་ནས། ཡུལ་བབ་དང་བསྟུན་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་དང་ལེན་བྱས་ཏེ། རྗེས་ཀྱི་སྐྱོན་ཆ་མི་འབྱུང་བར་བྱེད་དགོས། དུས་རབས་གསར་པའི་གནོད་སེལ་རྒུད་སྐྱོབ་སྙིང་སྟོབས་སྦྱོང་བརྡར་བྱེད་པ་དང་། གནོད་ཤུལ་བསྐྱར་སྐྲུན་ཁྲོད་འཚོ་བའི་ཁྱིམ་གཞི་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པ་མ་ཟད། བསམ་པའི་ཁྱིམ་གཞི་ཡང་འཛུགས་སྐྲུན་ལེགས་པོ་བྱས་ནས། བསམ་བློའི་རྒྱུ་ནོར་གྱིས་མིར་སློབ་གསོ་གཏོང་བ་དང་། མི་སེམས་ལ་སྐུལ་འདེད་དང་། སྐུལ་ལྕག་གཏོང་བ། མི་བཞེངས་སྐྲུན་བཅས་བྱེད་དགོས། དྲིན་གཟོའི་སློབ་གསོའི་བྱ་བ་སྤེལ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དྲིན་གཟོ་བ་དང་། ཏང་ཀྲུང་དབྱང་ལ་དྲིན་གཟོ་བ། རླབས་ཆེན་མེས་རྒྱལ་ལ་དྲིན་གཟོ་བ། དེ་མིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དྲིན་གཟོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱིས་ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གནོད་སེལ་རྒུད་སྐྱོབ་བྱ་བའི་གནས་ཚུལ་ཡར་ཞུར་མཉན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།