མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་གྲོས་ཚོགས་ཐེངས5པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན། མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྡེབ་སྒྲིག་ཚོགས་འདུ་ཐེངས5པ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་ཏེ་གཏམ་བཤད། 

ཚོགས་འདུ་ལས། ད་ལོའི་རིང་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཏན་ཏིག་གིས་མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་ངོ་གསུམ་གྱི་བྱེད་ཐབས་དམིགས་འབེན་ལས་འགན་ལྟར། རང་འགུལ་སྒོས་ཕྲག་ཏུ་ལེན་པ་དང་། འགན་ནུས་འདོན་པ། དཀའ་གནད་ཁྱད་དུ་བསད་ཅིང་། དཀའ་སྤྱད་སྡུག་རུས་བྱས་ནས་གསར་གཏོད་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབས་པ་དང་། མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བདེ་བླག་ངང་སྤེལ་ཏེ། ཕན་འབྲས་མངོན་གསལ་བླངས། 

ཚོགས་འདུས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། ཏན་ཏིག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བྱས་ནས། བསམ་བློའི་ངེས་ཤེས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས། བློ་སེམས་རྒྱལ་དོན་ཆེན་མོར་འབྲེལ་བ་དང་། དུས་རིམ་རང་བཞིན་གྱི་བཅོས་སྐྱོང་ལས་འགན་ལ་དམིགས་ནས། དམིགས་ཡུལ་མི་འགྱུར་བ་དང་། ཤུགས་ཚད་དམའ་རུ་མི་གཏོང་བ། བླང་བྱ་དམའ་རུ་མི་ཕབ་པ་རྒྱུན་འཁྱོངས་བྱས་ཏེ། 《ལོ་ངོ་གསུམ་གྱི་བྱེད་ཐབས》ཀྱི་ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་བྱེད་དགོས། རྩྭ་འདེབས་ལྗང་བསྒྱུར་བྱེད་པ་དེ་དེང་སྐབས་ཀྱི་བྱ་བའི་ཁྲོད་ཀྱི་གལ་འགངས་ཆེ་བར་བརྩིས་ནས། ཚན་རིག་གིས་སྲིད་ཇུས་ལག་བསྟར་དང་། ཚན་རྩལ་ཞབས་ཞུ་ཤུགས་དྲག་ཏུ་བཏང་སྟེ། ལས་སྣོན་གོ་རིམ་ཇེ་ལེགས་སུ་གཏོང་བ་དང་།སྟོབས་ཤུགས་ཡོད་རྒུས་རྩྭ་འདེབས་ལྗང་བསྒྱུར་གྱི་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།