ཞིན་ཁྲང་ཞིང་གིས་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་གི་གནོད་སེལ་རྒུད་སྐྱོབ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མངག་བཅོལ་ལྟར། ཟླ5བའི་ཚེས29ཉིན་ནས་ཚེས30ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་དུ་སོང་སྟེ། ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཡུལ་དངོས་ནས་གནོད་ཐེབས་གནས་ཚུལ་དང་མང་ཚོགས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་ཟུང་འབྲེལ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པ། གནོད་འཚེ་ལ་ཞིབ་བཤེར་དང་གནོད་ཐེབས་ཚད་ལ་དཔྱད་འཇོག་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་རྗེས་བསྐྱར་འཛུགས་བྱ་བར་འཆར་འགོད་བཟང་བོ་བྱེད་དགོས།

རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་དུ། ཞིན་ཁྲང་ཞིང་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་རུ་སོང་ནས། འཕྲལ་བསྟུན་དོ་དམ་པུའུ་བྱ་བའི་ཚན་ཆུང་དང་གནས་ཚུལ་བརྗེ་རེས་བྱས་པ་དང་། ཡུལ་དངོས་ནས་གནོད་ཐེབས་ཁང་བར་ལྟ་ཞིབ་བྱས། སྦྲ་གུར་སྨན་ཁང་དུ། ཞིན་ཁྲང་ཞིང་གིས་སྨན་བཅོས་དང་ལེན་བྱེད་བཞིན་པའི་ནད་པ་དང་མཛའ་བརྩེའི་བརྗེ་རེས་བྱས་པ་དང་། སྨན་བཅོས་མི་སྣས་འོས་འཚམ་སྒོས་ལས་ཀ་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་རྒྱུའི་མངག་བཅོལ་བྱས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་ས་རུ། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། གནས་སྐབས་བཀོད་སྒྲིག་བྱེད་ས་རུ་མི་མང་བས། དྲིལ་སྒྲོག་འགོག་སྲུང་དང་དུག་སེལ། གཙང་སྦྲ་རིམས་འགོག་སོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། རིམས་ནད་དང་གནོད་འཚེ་གཉིས་མཉམ་དུ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་གིས་འགོག་སྨན་རྩ་འཛུགས་སོགས་ཕྱོགས་ནས་སྔོན་དུ་གནོད་ཐེབས་ས་ཁུལ་གྱི་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ཟེར།

རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་སློབ་འབྲིང་དུ། ཞིན་ཁྲང་ཞིང་གིས་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པ་དང་། སློབ་གྲྭའི་སློབ་ཁྲིད་སླར་གསོ་དང་འཚོ་བའི་དངོས་ཟོག་འགན་སྲུང་། རྒྱུགས་ལེན་གྲ་སྒྲིག་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ས་འགུལ་བྱུང་རྗེས། དགེ་རྒན་ཡོངས་ཀྱིས་སྐར་མ་ལྔའི་ནང་སློབ་མ་བརྒྱད་བརྒྱ་ལྷག་བདེ་འཇགས་ངང་ལུས་རྩལ་ར་བའི་ནང་སྤོ་བསྒྱུར་བྱས་པའི་གནས་ཚུལ་ཤེས་རྗེས། ཁོས་སློབ་གྲྭས་ཉིན་རྒྱུན་དུ་འཕྲལ་བསྟུན་འཁྲབ་སྦྱོང་དང་བདེ་འཇགས་སློབ་གསོར་དོ་སྣང་བྱས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཞིན་ཁྲང་ཞིང་སྦྲ་གུང་སློབ་ཁང་དུ་སོང་ནས། འཕྲོད་བསྟེན་བདེ་ཐང་སློབ་གསོ་སློབ་ཁྲིད་བྱེད་བཞིན་པའི་སློབ་མ་ཚོ་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཁོ་ཚོས་སློབ་སྦྱོང་ནན་མོ་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་ཤེས་བྱ་ཁྱིམ་མི་ལ་བརྒྱུད་སྒྲོག་བྱས་ནས། བརྟན་བརླིང་དང་སྤོབས་པ་ཆེན་པོས་གནས་སྐབས་ཀྱི་དཀའ་ཁག་ལ་ཁ་གཏད་འཇལ་རྒྱུའི་མངག་བཅོལ་བྱས། རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་འབྲོང་ལུང་སྡེ་བའི་བཀོད་སྒྲིག་བྱེད་ས་རུ་ཞིན་ཁྲང་ཞིང་གིས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས།

རྟོག་ཞིབ་བྱེད་སྐབས། ཞིན་ཁྲང་ཞིང་གིས་ད་དུང་གནོད་སེལ་རྒུད་སྐྱོབ་ཡུལ་དངོས་སུ་འབད་འཐབ་བྱེད་བཞིན་པའི་གཞི་རིམ་ལས་བྱེད་པ་དང་ལས་བཟོ་བ། གསར་འགྱུར་བྱ་བ་སྒྲུབ་མཁན། མེ་འགོག་མེ་གསོད་དཔོན་དམག སྤྱི་བདེ་ཉེན་རྟོག་པ། འགྲིམ་འགྲུལ་ཞིག་གསོ་དང་འགྲིམ་འགྲུལ་སྣེ་ཁྲིད་མི་སྣར་འཚམས་འདྲི་བྱས། ཡུལ་དངོས་ནས་གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་རྐྱང་ཐང་ཟམ་ཆེན་དང་རྨ་ཆེན་རྫོང་རྟོ་བོར་གྲོང་རྡལ་བག་མ་སྡེ་བའི་བཀོད་སྒྲིག་བྱེད་སའི་གནོད་ཐེབས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རྨ་ཆུའི་འགོ་ཁུངས་སུ་སོང་ནས། སྐྱེ་ཁམས་དོ་སྲུང་བར་འཚམས་འདྲི་བྱས་པ་དང་། རྨ་ཆུའི་འགོ་ཁུངས་ཀྱི་ཆུ་མཛོད་ཀྱི་གནོད་རྗེས་བདེ་འཇགས་གནས་ཚུལ་ལ་རྒྱུས་ལོན་བྱས། མཚོ་སྐྱ་རེངས་ཀྱི་བརླན་སའི་སྲུང་སྐྱོབ་དང་སླར་གསོ་ལས་གཞི་ལ་ལྟ་ཞིབ་བྱས། མགོ་ལོག་ཁུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གིས་་ཧ་ཅང་མཐོང་ཆེན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཚོད་དང་པོའི་ནང་བཀོད་སྒྲིག་བྱས་ལ། ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་མྱུར་དུ་རོགས་སྐྱོར་བྱས་པ་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ནས། ཤུགས་ཡོད་པ་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པའི་སྒོ་ནས་གནོད་སེལ་རྒུད་སྐྱོབ་བྱས་པས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། གོ་རིམ་རྗེས་མར། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་དྲོད་འདོན་དང་ཆུ་དང་གསང་སྤྱོད། བདེ་འཇགས། གཙང་སྦྲ། མཁོ་འདོན་བཅས་ལ་འགན་སྲུང་བྱེད་པའི་ལས་འགན་ལག་བསྟར་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་འགན་ཕྲག་ཏུ་ལེན་པ། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱིས་ལག་རྩལ་སྤྱད་དེ་ཆུ་མཛོད་དང་གཞུང་ལམ། ཟམ་པ། ཁང་བ་སོགས་སྒྲིག་ཆས་ལ་བརྟག་བཤེར་བྱས་ནས། ཡང་བསྐྱར་འབྱུང་བའི་གནོད་འཚེ་བཀག་འགོག་བྱེད་དགོས། གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་གནོད་ཐེབས་དཔྱད་འཇོག་སོགས་བྱ་བ་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གནོད་རྗེས་བསྐྱར་འཛུགས་ཀྱི་འཆར་འགོད་ཇུས་གཞི་སྒྲིག་བཟོ་བྱེད་པ། ལས་འགན་གཙོ་བོ་གཏན་ཁེལ་བྱེད་པ། སླར་གསོ་བསྐྱར་འཛུགས་ཐད་རྨང་གཞི་བརྟན་པོ་འདིངས་པ། ཏང་དང་མི་དམངས་ཡིད་ཚིམས་པའི་བྱ་བ་སྒྲུབ་པ་དང་། བྱ་བའི་ཐད་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཁོང་ཡུང་གིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།