མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་དངོས་སུ་བཙུགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན། ཀྲུང་གོའི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་བཅས་ཀྱིས་མཛུབ་ཁྲིད་བྱས་ལ། མཚོ་སྔོན་སློབ་ཆེན་གྱིས་གྲོས་མགོ་བཏོན་ཅིང་སྒྲུབ་འགན་ཁུར་བའི“མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ”བཙུགས་པའི་ཚོགས་ཆེན་མཚོ་སྔོན་སློབ་ཆེན་དུ་འཚོགས་པ་རེད། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་སློབ12ཀྱི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ལས་དོན་པ150ཙམ་ཚོགས་འདུར་ཞུགས། 

མཚོ་སྔོན་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ཡུས་ཧུང་ཞན་གྱིས་བསྟན་དོན། མཚོ་སྔོན་སློབ་ཆེན་གྱིས་མནའ་འབྲེལ་བཙུགས་པའི་གོ་སྐབས་དང་བསྟུན་ནས་སྤུན་ཟླའི་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ། “དྲ་སྦྲེལ་མཉམ་འགུལ་དང་མཉམ་སྐྲུན་མཉམ་སྤྱོད”ཀྱི་འདུ་ཤེས་གཞིར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་མཐོ་སློབ་ཀུན་གཏོད་བར་སྟོང་འཛུགས་སྐྱོང་དང་གཉེར་སྐྱོང་། དོ་དམ་བཅས་ལ་ཐོན་ཁུངས་མཉམ་སྤྱོད་དང་མཉམ་ལས་སྤེལ་རེས་སོགས་ཀྱི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱ་རྒྱུ་ཡིན་ལ། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་སྟེ་མཐོ་སློབ་ཀྱི་དགེ་སློབ་དང་རྒྱ་ཆེའི་ལས་གཏོད་པར་མ་གནས་དམའ་ཞིང་། སྟབས་བདེ་བ། གཞི་རྒྱུ་འཛོམས་པ། སྒོ་དབྱེ་རྣམ་པའི་གསར་གཏོད་ལས་གཏོད་ཞབས་ཞུ་བཅས་མཁོ་འདོན་བྱས་ནས། མཐོ་སློབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་སློབ་ཆེན་སློབ་མའི་ལས་གཏོད་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གསར་གཏོད་ལས་གཏོད་གཏིང་ཟབ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཀྲུང་གོའི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་གྱི་ཀྲུའུ་ཞི་ཚོགས་པའི་འབོད་སྐུལ་མཁན་ནམ་ཀྲེ་ཅང་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཁྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་ཀུན་གཏོད་བར་སྟོང་མནའ་འབྲེལ་བཙུགས་པར་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་ཀྱི་ཀུན་གཏོད་བར་སྟོང་མནའ་འབྲེལ་ལ་དར་ཆ་སྤྲད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།