མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་བྱེད་མི་སྣར་འཕྲིན་ཡིག་སྤྲིངས་པ།

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་བྱེད་མི་སྣ་ཡོངས་ལ།

རྒྱལ་ཡོངས་ཚན་རྩལ་ལས་བྱེད་པའི་ཉིན་མོ་ཐེངས་ལྔ་བ་སླེབས་ལ་ཉེ་བའི་སྐབས་འདིར། ང་ཚོས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་ན་དཀའ་སྤྱད་འབད་བརྩོན་གྱིས་ཚན་རྩལ་ལས་དོན་གཉེར་བཞིན་པའི་མི་སྣ་དག་ལ་དུས་ཆེན་གྱི་འཚམ་འདྲི་དང་ལྷག་བསམ་རྣམ་དག་གིས་གུས་བཀུར་ཞུ་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་མཚོན་ཆ་ཡིན་ལ། རྒྱལ་ཁབ་ཀྱིས་ཚན་རྩལ་དོན་དུ་གཉེར་ན་སྟོབས་ཆེན་དུ་འགྱུར་སྲིད་ལ། ཁེ་ལས་ཀྱིས་ཚན་རྩལ་གོང་དུ་བཀུར་ན་རྒྱལ་ཁ་ཐོབ་ངེས་པ་དང་། མི་དམངས་ཀྱི་འཚོ་བར་བརྟེན་ན་ཇེ་བཟང་ཇེ་ཡག་ཏུ་འགྱུར་ཐུབ”ཞེས་བསྟན་ཡོད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རྩལ་གསར་སྐྲུན་བྱ་བར་མཐོང་ཆེན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་མི་སྣར་ཐུགས་ཁུར་གནང་བཞིན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱས་ནས། འཇོན་མི་འཐབ་ཇུས་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་འབུར་ཐོན་གོ་གནས་སུ་བཞག་སྟེ། མིར་མ་རྩ་གཏོང་བ་རྒྱུན་འཁྱོངས་དང་ཤུགས་ཆེན་པོས་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་དང་གསར་སྐྲུན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཧུར་བརྩོན་གྱིས་སྤྱི་ཚོགས་ཡོངས་སུ་ཤེས་བྱར་བརྩི་བཀུར་དང་འཇོན་མིར་བརྩི་བཀུར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་མི་སྣས་ནན་ཏན་གྱིས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། འབད་པ་ཆེན་པོས་ཚན་རྩལ་ཞིབ་འཇུག་འགག་སྒྲོལ་དང་གྲུབ་འབྲས་ཁྱབ་གདལ། བརྗེ་རེས་མཉམ་ལས། ཚན་རིག་ལག་རྩལ་ཁྱབ་གདལ་སོགས་ཀྱི་བྱ་བ་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གསར་སྐྲུན་འཕེལ་རྒྱས་ཐད་བྱེད་ནུས་གལ་ཆེན་འདོན་པར་སྐུལ་འདེད་བྱེད་དགོས། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པར”འབད་པ་བྱེད་པར། འཕེལ་རྒྱས་གསར་བའི་དུས་མཚམས་ལ་རྐང་འཛུགས་པ་དང་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ཏུ་བསྟར་བ། འཕེལ་རྒྱས་གསར་བའི་རྣམ་པ་འཛུགས་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པ་དང་། ལྷག་པར་ཏུ་རྒྱ་ཆེའི་ཚན་རྩལ་ལས་དོན་པས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་བ་ཆེན་པོས་མདུན་དུ་བསྐྱོད་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིབ་འཇུག་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་དང་ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱི་སྐབས་བཅུ་བའི་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཆེན་པོ་དང་ཞིང་ཆེན་ཆེན་པོའི་བློ་སྤོབས་སེམས་སུ་བཅངས་ནས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་འདུ་ཤེས་དང་མཁོ་གལ་འདུ་ཤེས་ཇེ་ཆེར་གཏོང་བ་དང་། དུས་རབས་གསར་བས་བསྩལ་བའི་འགན་འཁྲི་གསར་བ་དང་ལས་འགན་གསར་བ་ཕྲག་ཏུ་ལེན་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཐད་བཏོན་པའི“མགྱོགས་མྱུར་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས”བཅས་འཛུགས་སྐྲུན་དང་། “མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་སར་གསར་འཛུགས་བྱེད་པའི”གལ་ཆེའི་བླང་བྱ་དོན་འཁྱོོལ་མཐར་ཕྱིན་བྱས་ནས། ཧུར་བརྩོན་གྱིས་འགུལ་སྐྱོད་བྱས་ཏེ་གཙོ་ཤུགས་དམག་གི་བྱེད་ནུས་འདོན་སྤེལ་དང་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ནམ་ཡང་ཚན་རིག་གི་རི་རྩེར་བསྙེགས་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་པར་བྱས་རྗེས་འཇོག་དགོས་ལ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས།

མཐར་རྒྱ་ཆེའི་ཚན་རྩལ་ལས་དོན་པའི་ལུས་ཁམས་བདེ་བ་དང་འཚོ་བ་སྐྱིད་པ། བྱ་བ་བདེ་བླག གྲུབ་འབྲས་བསྐྱར་སྐྲུན་བྱེད་ཐུབ་པའི་སྨོན་འདུན་ཞུ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ཞིན་ཁྲང་ཞིང་།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།