རྨ་སྟོད“5·22”ས་འགུལ་གནོད་སེལ་རྒུད་སྐྱོབ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་དྲུག་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ5པའི་ཚེས25ཉིན་བསྡུས་པའི་མཚོ་སྔོན་རྨ་སྟོད“5·22”ས་འགུལ་གནོད་སེལ་རྒུད་སྐྱོབ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས6པ་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ས་འགུལ་དྲ་བའི་ཚད་ལེན་བྱས་པ་ལྟར་ན། 2021ལོའི་ཟླ5པའི་ཚེས25ཉིན་གྱི་དུས་ཚོད10དང་སྐར་མ00སྟེང་ཁྱོན་བསྡོམས་ཚད་རིམ3.0ཡན་གྱི་འཕྲོ་འགུལ་ཐེངས46ཟིན་ཐོར་བཀོད་པ་དང་། དེའི་ཁྲོད་ཚད་རིམ3.0ནས3.9ཡན་གྱི་ས་འགུལ་ཐེངས32། ཚད་རིམ4.0ནས4.9ཅན་གྱི་ས་འགུལ་ཐེངས13། ཚད་རིམ5.0ནས5.9ཅན་གྱི་ས་འགུལ་ཐེངས1བཅས་བྱུང་བ་དང་། ཆེས་ཆེ་བའི་འཕྲོ་འགུལ་ནི་ཟླ5པའི་ཚེས22ཉིན་གྱི་དུས་ཚོད10དང་སྐར་མ29སྟེང་བྱུང་བའི་ཚད་རིམ5.1གི་ས་འགུལ་དེ་ཡིན། དེང་སྐབས་འཕྲོ་འགུལ་ལྟ་ཞིབ་ཚད་ལེན་གྱི་མཇུག་འབྲས་ལས་བལྟས་ན། འཕྲོ་འགུལ་གྱི་བར་སྟོང་ཁྱབ་རྒྱའི་རིང་ཚད་སྤྱི་ལེ170ཡིན་ལ། འོན་ཀྱང་དུས་ཚོད་སྟེང་ཅུང་ཐུང་བའི་ཁྱད་ཆོས་མངོན་ཡོད། 

རྗེས་མཐུད་ཀྱི་རྟོག་ཞིབ་བྱས་པ་བརྒྱུད། ཐེངས་འདིའི་ས་འགུལ་གྱིས་ཁྱོན་བསྡོམས་མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། པད་མ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། ཡུས་ཧྲུའུ་ཁུལ་གྱི་ཆུ་དམར་ལེབ་རྫོང་དང་ཁྲི་འདུ་བཅས་ཀྱི་རྫོང7དང་ཤང་དང་གྲོང་རྡལ40ཡི་མི35521ལ་གནོད་འཚེ་ཐེབས་ཡོད། ཟླ5བའི་ཚེས25ཉིན་གྱི་དུས་ཚོད8བར་དུ། གསར་བྱུང་གནོད་ཐེབས་མི་སྣ་མེད། 

ད་ལྟ་གནོད་སེལ་རྒུད་སྐྱོབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། གནོད་ཁུལ་གྱི་སྤྱི་ཚོགས་དང་གནོད་ཐེབས་མང་ཚོགས་ཀྱི་སེམས་ཁམས་གཏན་འཇགས་ཡིན། ད་ལྟའི་བར་དུ། འབྲེལ་ཡོད་སྡེ་ཁག་གིས་གནོད་ཁུལ་དུ་རིགས་སོ་སོའི་གནོད་སེལ་རྒུད་སྐྱོབ་དངོས་རྫས68367འབྱོར་བ་དང་། འགོག་སྲུང་ཁ་ཐུམ65300འབྱོར་ཡོད། 

ཟླ5པའི་ཚེས24ཉིན། ཞིང་ཆེན་ས་འགུལ་ཅུའུ་ཡུལ་དངོས་ལས་སྒྲུབ་རུ་ཁག་གིས་ཚན་ཆུང6རྩ་འཛུགས་བྱས་ཏེ་ཕྱི་རོལ་རྟོག་ཞིབ་བྱས་པ་དང་། སེང་རི་མ་ཤང་དང་རྨ་ཁྲ་ལི་གྲོང་རྡལ། རྨ་ཆུ་ཤང་གི་དགོན་སྡེ་ཉེ་འདབས། མཚོ་སྐྱ་རེངས་ཉེ་འདབས་དང་། རྨ་ཆུ་ཤང་གི་ཤར་ཕྱོགས། འཕྲང་དམར་ཆུ་བོའི་ཤར་ཕྱོགས། འཕྲང་དམར་ཆུའི་ནུབ་ཕྱོགས་ཀྱི་སར་གས་ཁ་ཤོར་བ་དང་། ཁང་བར་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཚེས24ཉིན་གྱི་དུས་ཚོད21སྟེང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཡུལ་དངོས་ལས་སྒྲུབ་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ཡུལ་དངོས་ལས་སྒྲུབ་ཆེད་མཁས་པ། རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ9ཡིས་བརྙན་རིས་བརྒྱུད་དེ་མཚོ་སྔོན་རྨ་སྟོད་ཀྱི་ས་འགུལ་ཚད་རིམ་པར་རིས་ཁྱབ་ཚུལ་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ཚད་རིམ་རྟོག་ཞིབ་ཀྱི་ཐོག་མའི་མཇུག་འབྲས་གྲུབ།

ཟླ5པའི་ཚེས24ཉིན་གྱི་ཕྱི་དྲོར། འཕྲལ་བསྟུན་དོ་དམ་པུའུ་ཡུལ་དངོས་ལས་སྒྲུབ་ཚན་ཆུང་དང་ཀྲུང་གོའི་ས་འགུལ་ཅུའུ་ཡིས་རྨ་ཆེན་རྫོང་དབྱིག་གཞུང་ཤང་དུ་རི་བོར་གས་ཁ་ཤོར་བ་དང་། རྨ་ཆེན་རྫོང་སྲིད་གཞུང་དང་གནོད་འཚེ་དང་གནོད་སེལ་རྒུད་སྐྱོབ་བྱ་བར་བརྗེ་རེས་བྱས་པ་དང་། དབྱིག་གཞུང་ཤང་གི་འཕྲོད་བསྟེན་ཁང་དང་ཤང་སློབ་ཆུང་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་བལྟས་པ་མ་ཟད། གནོད་ཐེབས་མང་ཚོགས་ཀྱི་གཅིག་བསྡུས་བདེ་འགོད་བྱེད་སར་བལྟས། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཁྲ་ཚང་སྡེ་བ་དང་ཞོལ་མ་སྡེ་བ་ནས་ཁང་བར་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་བལྟས། འཕྲང་དམར་ཆུ་བོའི་ཟམ་ཆེན་དུ་ཟམ་པར་གས་ཁ་ཤོར་བའི་གནས་ཚུལ་ལ་བལྟས་ལ། རྨ་ཆེན་རྫོང་དྭངས་ལག་ཤང་དུ་བཅའ་སྡོད་སློབ་གྲྭའི་བདེ་འགོད་གནས་ཚུལ་ལ་བལྟས།

ཡུལ་དངོས་ལས་སྒྲུབ་རུ་ཁག་གིས་བསྐོར་བསྐྱོད་ལྟ་ཞིབ་ཚད་ལེན་ས་ཚིགས10བཀོད་སྒྲིག་བྱས་ཤིང་། གཞི་གྲངས་ཚང་མ་མཚོ་སྔོན་ས་འགུལ་ཚད་ལེན་དྲ་བར་སྦྲེལ་བ་མ་ཟད། རྨ་སྟོད་ཀྱི་ཡུལ་དངོས་བཀོད་འདོམས་པུའུ་རུ་སྦྲེལ་ཡོད། 

མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ཡིས་ཀྲུང་གོའི་ས་འགུལ་དྲ་བའི་ལྟེ་གནས་དང་གྲོས་མོལ་བརྡར་གཅོད་བྱས་པ་བརྒྱུད། ཕྱོགས་བསྡུས་ཐག་གཅོད་བྱས་པ་ལྟར་ན། ཐེངས་འདིའི་ས་འགུལ་ནི་འགུལ་གཙོ་དང་འགུལ་འཕྲོ་ཅན་གྱི་རྣམ་པ་ཡིན་པ་དང་། ཉིན་འདི་འགར། འཕྲོ་འགུལ་རྒྱུགས་ཚད་ཚད་རིམ5ནས6ཡིན་པ་འདོད།

ས་འགུལ་བྱུང་རྗེས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་འཕྲལ་མ་ཐག་ཏུ་ཐོད་བྱུང་དོན་རྐྱེན་གྱི་རིམ་པ་དང་པོ་མགོ་བརྩམས་པ་དང་། དུས་མཉམ་དུ་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་རེ་རེ་བྱས་ཏེ་གནོད་འཚེའི་གནས་ཚུལ་ལ་རྩད་ཞིབ་དང་མང་ཚོགས་ཀྱི་སེམས་ཁམས་བདེ་འགོད། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས།

ད་ལྟ་གནོད་སེལ་རྒུད་སྐྱོབ་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཤིང་། མང་ཚོགས་ནི་བྱ་བའི་མགོ་རྩོམ་ས་དང་གཞི་འབབ་ས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། “བདེ་འཇགས་ནི་སྔོན་འགྲོ་ཡིན་ཞིང་། མང་ཚོགས་ནི་རྨང་གཞི་དང་གཙོ་གཞི”ཡིན་པའི་འདུ་ཤེས་ཀྱིས། གནོད་ཁུལ་གྱི་དྲོད་སྲུང་དང་ཆུ། སྤྱོད་ཁང་། བདེ་འཇགས། འཕྲོད་བསྟེན། མཁོ་འདོན་སྲུང་བ་སོགས་ཀྱི་“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་དགོས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།