ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་རིག་གཞུང་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི“ལོ་བརྒྱར་ཕྱིར་རྟོག་བྱེད་པ་བྱེད་པ་སྟེ་ཀྲུང་གོ་གུང་ཁྲན་ཏང་གིས་ཚན་རྩལ་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པའི”2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་ཆེན་མོ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་དུ་མགོ་བརྩམས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར(ཁུལ)དང་རྫོང(ཆུས)ཁག་གི་ཚན་རྩལ་ལས་དོན་པ་དང་། མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆུང་འབྲིང་། སྨན་ཁང་། དམངས་གཉེར་ཁེ་ལས་སོགས་ལས་རིགས་ཁག་གི་བདམས་ཐོན་པ50འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
ཉིན་དེའི་འགྲན་བསྡུར་ནང་འགྲན་ཞུགས་བདམས་ཐོན་པས་རང་འགུལ་ངང་བརྗོད་གཞིར་འགྲེལ་བཤད་དང་། ཚན་རྩལ་རྒྱུན་ཤེས་ཚོད་ལྟ། ཞིབ་དཔྱད་ཨུ་ཡོན་གྱི་དྲི་བར་དྲིས་ལན་བཅས་ལྷུ་ཚིགས་གསུམ་གྱི་འགྲན་བསྡུར་བརྒྱུད་རྒྱལ་ཕམ་ཐག་གཅོད་བྱས།
ཞིང་ཆེན་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཚན་རིག་ཁྱབ་གདལ་ལ་འགྲེལ་བཤད་རྒྱག་རྒྱུ་ནི་ཚན་རིག་ཁྱབ་གདལ་ལས་དོན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ཚན་རིག་ཁྱབ་གདལ་འགྲེལ་བཤད་བརྒྱུད་དོན་ཟབ་ལ་གོ་བདེ་བ་དང་། རྟོགས་སླ་བའི་རྣམ་པའི་ཐོག་ནས་སྤྱི་དམངས་ལ་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་བརྒྱུད་བསྒྲགས་བྱེད་དགོས་པ་དང་། དེ་ནི་ཚན་རིག་ཁྱབ་གདལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཚན་རིག་ཁྱབ་གདལ་གྱི་འགྲེལ་བཤད་འགྲན་བསྡུར་སྤེལ་དོན་ནི་བརྩེ་སེམས་ཆེ་བ་དང་ནུས་པ་ལྡན་པའི་ཚན་ཞིབ་མི་སྣ་དང་། དགེ་རྒན། སློབ་མ་སྔར་བས་མང་པོ་ཞིག་ཚན་རྩལ་ཁྱབ་གདལ་གྱི་ལས་དོན་ནང་ཞུགས་ནས་ཚན་རིག་གི་བསམ་བློ་བརྒྱུད་སྤེལ་བྱེད་མཁན་དང་ཁྱབ་གདལ་གཏོང་མཁན་ལ་འགྱུར་བར་བྱེད་རྒྱུ་དེ་ཡིན་ཟེར། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་བསྡུར་ཆེན་མོ་མགོ་བརྩམས།