ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་(བརྙན་རིས)གྲོས་ཚོགས་ཐེངས27པ་ནས་རྒྱུས་ལོན་པ་ལྟར་ན། ཉེ་དུས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཡང་དག་པའི་མགོ་ཁྲིད་འོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏན་ཏིག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་འགན་འཁྲི་ལག་བསྟར་བྱས་པ་དང་། “ཕྱི་ནས་ནང་མཆེད་འགོག་པ་དང་། ནང་ནས་ལྡོག་འཕར་འགོག་པ། མི་དང་དངོས་པོར་མཉམ་འགོག”གི་བྱེད་ཐབས་ལ་དམ་འཛིན་དང་དངོས་འབེབས་ཞིབ་ཚགས་བྱས་ཏེ། ཉིང་བསྐྱུར་ཚད་ལེན་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། ཞིང་ཆེན་ཡོངས་སུ་ཉིང་བསྐྱུར་ཚད་ལེན་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག114ལ་འཕར་བ་དང་། གྲོང་ཁྱེར13ཡི་ཞིབ་བཤེར་ཚད་ལེན་མནའ་འབྲེལ་རྟེན་གཞི་དང་སྤྱི་བའི་ཞིབ་བཤེར་ཚད་ལེན་ཚོད་ལྟ་ཁང2འཛུགས་སྐྲུན་འཁོར་སྤྱོད་བྱས་ཤིང་། ཉིན་རེའི་ཆེས་མང་བའི་ཞིབ་བཤེར་ཚད་ལེན་ཚད་ཁྲི20.8ལ་ཇེ་མཐོར་སོང་། དུས་མཚུངས་སུ། རང་ཞིང་ལ་བྱེ་བྲག་གི་ས་ཁུལ་ལ་རིམས་ནད་བྱུང་ཚེ། ཉིན2ཀྱི་ནང་མི་ཚང་མར་ཉིང་བསྐྱུར་ཚད་ལེན་བྱེད་ཐུབ་པའི་ནུས་ཤུགས་ལྡན་པས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས།
རྒྱུས་ལོན་པ་ལྟར་ན། རང་ཞིང་གིས“ས་ཚིགས་གཉིས་དང་ར་བ་གཅིག”སོགས་གཙོ་གནད་འགོག་སྲུང་གཟབ་ནན་བྱས་ཤིང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། དེ་མིན་བཟའ་བཏུང་མགྲོན་ཁང་སོགས་གཙོ་གནད་ར་བར་དོ་དམ་ནན་མོ་བྱས་པ་དང་། ཚ་རྒྱག་པའི་སྒོ་བསྟེན་ནད་པར་ལྟ་ཞིབ་ཚད་ལེན་དམ་ཟབ་བྱས་ནས། ཕྱིའི་མི་སྣ་མཚོ་སྔོན་དུ་འགྲོ་ཡོང་བྱེད་པར་ཐོ་འགོད་དང་ཞིབ་བཤེར་རོགས་སྒྲུབ་ཀྱི་སྒྲིག་སྲོལ་ལ་ཤུགས་སྣོན་བྱས། ད་ལྟའི་བར་དུ། ཞིང་ཆེན་ཡོངས་སུ་མཚོ་སྔོན་དུ་འགྲོ་ཡོང་བྱེད་པའི་གཙོ་གནད་མི་ཚོགས་མི་ཐེངས་ཁྲི63.6རྩད་ཞིབ་བྱས་པ་དང་། ཚ་རྒྱག་སྒོ་བསྟེན་དུ་ལྟ་ཞིབ་ཚད་ལེན་བྱས་པ་མི་ཐེངས་ཁྲི12.7ལ་སླེབས་ཤིང་། ལག་ཁྱེར་ཁ་པར་ལས་རིམས་ནད་ས་ཁུལ་དང་འབྲེལ་བའི་གཞི་གྲངས་ཁྲི1.6ལ་རྩད་ཞིབ་བྱས་པ་དང་། ཕྱིའི་མི་སྣ་མཚོ་སྔོན་དུ་ཡོང་མཁན་མི2700ལྷག་ལ་དོ་དམ་ཚོད་འཛིན་བྱས།
“ཟི་ལིང་གྲོང་ཁྱེར་ནང་འདྲེན་འཁྱགས་སྦྲེལ་ཟས་རིགས་ལྟ་སྐུལ་དོ་དམ་སྤྱི་མཛོད”ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། རང་ཞིང་གི་ནང་འདྲེན་འཁྱགས་སྦྲེལ་ཟས་རིགས་ལ་གཅིག་བསྡུས་སྒོས་ལྟ་སྐུལ་དོ་དམ་བྱས་པ་དང་། འཁོར་རྒྱུག་གོ་རིམ་དང་ལས་གཉེར་མི་སྣར་ཉིང་བསྐྱུར་ཚད་ལེན་དང་། འཁྱགས་རྫས་ཕྱི་ཐུམ་ལ་དུག་སེལ་བྱེད་པ། ནང་འདྲེན་འཁྱགས་རྫས་རྗེས་འདེད་ཀྱི“བཀག་སྡོམ”དོ་དམ་བྱས་ནས། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་འགོག་སྲུང་ཚོད་འཛིན་བླང་བྱ་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པའི་ཡན་གྱི་སྨན་བཅོས་སྡེ་ཁག95རུ་ཚ་རྒྱག་སྒོ་བསྟེན་བཀོད་སྒྲིག་བྱས་ཏེ། ཁྱོན་ཡོངས་ནས་སྔོན་ལ་ཞིབ་བཤེར་དང་ཐོག་མའི་སྒོ་བསྟེན་འགན་འཁྲི་ལག་བསྟར། སྒོ་བསྟེན་གྱི་གོ་རིམ་ལ་བཀག་སྡོམ་དོ་དམ་བཅས་བྱས་པ་དང་། དུས་ཚོད2རིང་ནད་ཐོ་སྙན་ཞུ་དང་། དུས་ཚོད4ནས6བར་ཞིབ་བཤེར་མཇུག་འབྲས་དོན་འཁྱོལ་བྱེད་པ། དུས་ཚོད24རིང་རྒྱུགས་ཆེའི་ནད་ཀྱི་རྟོག་ཞིབ་བླང་བྱ་ལེགས་འགྲུབ་བྱས། སྨན་བཅོས་མི་སྣའི་གསོ་སྦྱོང་དང་སྨན་བཅོས་སྡེ་ཁག་གི་རང་ལ་ཞིབ་བཤེར་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས། ནད་པ་དང་བདག་སྐྱོང་བྱེད་མཁན་ལ་དོ་དམ་གཟབ་ནན་བྱས་ཏེ། ཚད་མཐོན་པོས་སྨན་བཅོས་མི་སྣ་དང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས།