ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་བརྡ་ཐོ་ལྟར་ན། ཉེ་སྔོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོག་མཆན་བཀོད་པ་བརྒྱུད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ་ཞའོ་ཡུས་ཧའེ(ཞིང་ཆེན་ཡིད་རྟོན་འགན་ལེན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་ཟུར་པ། ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན།)སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་རྟོག་ཞིབ་བྱས།
རྟོག་ཞིབ་བྱས་པ་བརྒྱུད། ཞའོ་ཡུས་ཧའེ་ཏང་ཡོན་མགོ་ཁྲིད་ལས་བྱེད་དང་རྒྱལ་གཉེར་ཁེ་ལས་ཀྱི་འགན་ཁུར་བ་ཡིན་པའི་ཆ་ནས། ཡིད་ཆེས་དང་ཐོག་མའི་བསམ་འདུན་དང་རྒྱབ་འགལ་བྱས་ཏེ། རུལ་སུངས་དང་དབང་ཆ་གང་འདོད་སྤྱོད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཞན་པ། རྒྱལ་གཉེར་ཁེ་ལས་དེ་མི་སྒེར་གྱི་ཁེ་གཉེར་བྱེད་སར་བརྩིས་པ། ཁེ་ལས་ལ་བརྟེན་ནས་ཡོང་འབབ་འཚོལ་བ་བཅས་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་འགལ་ཞིང་། ཏང་ནང་ཁུལ་དུ་ཚོགས་པ་བསྒྲིགས་ཏེ་མི་སྒེར་གྱི་སྟོབས་ཤུགས་གསོ་སྐྱོང་བྱས་ཤིང་། གཉེན་ཉེ་དང་གྲོགས་པོ་བསྒྲིགས་ནས་སྐོར་ཞིབ་ཞིབ་དཔྱོད་བྱ་བར་བར་ཆད་བཟོས་ལ། སྐོར་ཞིབ་ལན་སློག་བསམ་འཆར་དོན་འཁྱོལ་མི་བྱེད་པར། བཀས་བཀོད་ལོག་དད་བྱ་འགུལ་རྩ་འཛུགས་དང་དེའི་ནང་དུ་ཞུགས་ཏེ། ཏང་ལ་བློ་མི་དཀར་ཞིང་ཕྱོགས་གཉིས་དང་ངོ་གཉིས་ཀྱི་བྱ་བ་སྒྲུབ་པ། བདེན་དཔང་སྦ་གསང་བྱས་ནས། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་གཙོ་གཞི་ལག་བསྟར་བྱེད་ཤུགས་མི་འདང་བ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་འགལ་ནས། སྒྲིག་འགལ་ངང་གཞུང་དོན་རླངས་འཁོར་བཀོལ་བ་དང་། གཞུང་སྒོར་གྱིས་ཁང་བ་ཉོ་སྒྲུབ་དང་མཛེས་བཟོ་བྱས་ཏེ“མི་སྒེར་གྱི་རྩེད་ས”རུ་བྱས་ཤིང་། གཞུང་སྒོར་གྱི་གནས་སྐོར་དང་སྒྲིག་འགལ་ངང་གནས་སྐོར་བྱ་འགུལ་དང་ལེན་བྱས་པ་མ་ཟད། སྒྲིག་འགལ་ངང་ཁ་གསབ་སྒོར་མོ་བྱིན། རྩ་འཛུགས་ཀྱི་སྒྲིག་ལམ་དང་འགལ་ནས་མི་སྒེར་གྱི་འབྲེལ་ཡོད་ལས་དོན་སྙན་ཞུ་མི་བྱེད་པ། ལས་བྱེད་པའི་འདེམས་བསྐོའི་བཀོལ་སྤྱོད་གཏན་འཁེལ་དང་འགལ་ནས། ལས་བཟོ་བ་བསྡུ་ལེན་དང་ལས་གནས་ཐོབ་འཕར་སོགས་ཀྱི་བྱ་བའི་ཁྲོད་མི་སྒེར་གྱི་ལག་ནས་ཁེ་ཕན་བླངས། སྤྱོད་གཙང་གི་སྒྲིག་ལམ་དང་འགལ་ནས་སྒྲིག་འགལ་ངང་ལེགས་སྐྱེས་དང་སྒོར་མོ་ལེན་པ་དང་། དབང་ཤུགས་བཀོལ་ནས་མི་སྒེར་གྱི་ལག་ནས་ཁེ་ཕན་ལེན་པ། གཉེན་ཉེས་རྒྱུ་ནོར་བསྡུ་ལེན་བྱས། བྱ་བའི་སྒྲིག་ཁྲིམས་དང་འགལ་ནས་བྱ་བའི་ཁྲོད་འགན་མི་ཁུར་བར། རྒྱལ་གཉེར་མ་རྩ་འབོར་ཆེན་གྱི་གྱོང་གུད་དང་མ་རྩའི་ཉེན་ཁ་བཟོས་ཤིང་། ཁེ་ལས་ཀྱི་ཚོང་གཉེར་དཀའ་ཁག་དུ་འཕྲད་པར་བྱས།
ཞའོ་ཡུས་ཧའེ་ཡིས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་སྒྲིག་ལམ། སྤྱོད་གཙང་སྒྲིག་ལམ། བྱ་བ་དང་འཚོ་བའི་སྒྲིག་ལམ་བཅས་ལ་འགལ་བ་དང་།ལས་གནས་ཁྲིམས་འགལ་དང་ལྐོག་རྔན་ནག་ཉེས། གཞུང་སྒོར་སྤྱོད་པའི་ནག་ཉེས། རྒྱལ་གཉེར་ཀུང་སིའི་མི་སྣས་དབང་ཤུགས་གང་འདོད་དུ་སྤྱོད་པའི་ནག་ཉེས་བཅས་གྲུབ་ཡོད་པ་མ་ཟད། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གནས་ཚུལ་འོག བློ་མི་བསྡུ་བ་དང་འཚམས་མི་འཇོག་པ། བསམ་བཞིན་དུ་ཉེས་པ་བསག་ནས་ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་མི་བཟང་བས་ཐག་གཅོད་ནན་མོ་བྱེད་འོས།
《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་ཆད་གཅོད་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་ཞིང་ཆེན་ཏང་ཨུ་ལ་ཆོག་མཆན་ཞུས་ནས། ཞའོ་ཡུས་ཧའེ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་གཅོད་བྱས་པ་དང་། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཞུང་གི་ལས་གནས་ནས་ཕྱིར་ཕུད་པའི་ཆད་གཅོད་བྱས་ལ། ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱས་པ་དང་། ཞའོ་ཡུས་ཧའེ་ཡི་ཉེས་བསགས་དོགས་ཡོད་གནད་དོན་ཁག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་འབུལ་སྤྲོད་བྱས་ཤིང་། འབྲེལ་ཡོད་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ་ཞའོ་ཡུས་ཧའེ་ཏང་ཁོངས་ནས་ཕྱིར་ཕུད་པ་མ་ཟད་གཞུང་འགན་བླངས།