ཡང་བསྐྱར་གནོད་སྐྱོན་འབྱུང་བ་སྔོན་འགོག་བྱས་ཏེ་མཚོ་སྔོན་མེ་འགོག་གྱིས་གནོད་ཁུལ་གྱི་མེ་སྐྱོན་འབྱུང་ཉེན་ཆེ་ས32བཅོས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་རྨ་སྟོད་ཀྱི“5.22”གནོད་འགོག་རྒུད་སྐྱོབ་བྱ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་བཞི་བའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད11ནས་ཚེས23ཉིན་གྱི་ཆུ་ཚོད8པའི་བར་དུ། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གི་མེ་འགོག་རླངས་འཁོར70དང་བཀོད་འདོམས་འཐབ་མོ་བ296གིས་མི་སྣ་མྱུར་སྐྱོབ་དང་མང་ཚོགས་ཁ་འགྲེམ་གནས་སྤོ། རས་གུར་ཕུབ་པ། གནོད་ཁུལ་གྱི་མེ་སྐྱོན་སྔོན་འགོག་སྐོར་ཞིབ་སོགས་ཀྱི་ལས་འགན་ཕྲག་ཏུ་འཁུར་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ས་འགུལ་བྱུང་རྗེས། མཚོ་སྔོན་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་དུས་ལྟར་བརྡ་སྦྱོར་དང་ལག་རྩལ་ཚད་གཞི་བཏོན་ནས། གནོད་ཁུལ་དུ་རས་གུར་ཕུབ་པ་དང་མེ་སྐྱོན་སྔོན་འགོག་ཞིབ་བཤེར། མེ་འགོག་དྲིལ་སྒྲོག་སློབ་གསོ་སོགས་ཀྱི་བླང་བྱ་གསལ་བོར་བཟོས་པ་མ་ཟད། འཁོར་སྐྱོད་སྐོར་ཞིབ་ཚན་ཆུང6བཙུགས་ནས་ཉིན་མཚན་མེད་པར་སྐོར་ཞིབ་བྱས་ལ། མེ་སྐྱོན་སྔོན་འགོག་ལ་ཤུགས་སྣོན་པར་མཛུབ་སྟོན་དང་མེ་སྐྱོན་དོན་རྐྱེན་འབྱུང་བར་ནན་འགོག་བྱས། མེ་འགོག་མེ་གསོད་ཀྱི་རྒྱུན་ཤེས་ཁྱབ་གདལ་ལ་ཤུགས་བསྣན་པ་དང་། བཀོད་འདོམས་འཐབ་མོ་བ་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ངང་མེ་འགོག་དྲིལ་སྒྲོག་བྱས་ཤིང་། མང་ཚོགས་ལ་མེ་སྐྱོན་འགོག་ཟོན་བྱེད་པར་གསལ་འདེབས་དང་འབར་སླ་བའི་དངོས་ཟོག་གཙང་སེལ་བྱེད་པར་རོགས་རམ་དང་། ཚད་ལྡན་གྱིས་མེ་བཀོལ་བ་དང་མེ་སྤྱོད་པའི་བྱ་སྤྱོད་ལ་མཛུབ་སྟོན་བྱས་ཏེ་དུས་ལྟར་མེ་སྐྱོན་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས། དེའི་སྐབས་སུ་བསྡོམས་པས་གཅིག་བསྡུའི་དྲིལ་སྒྲོག་ཐེངས12སྤེལ་ལ། མེ་འགོག་མེ་གསོད་བདེ་འཇགས་གསལ་འདེབས་ཚན་པ1100བརྒྱུད་སྒྲོག་བྱས་ལ། མེ་སྐྱོན་འབྱུང་ཉེན་ཆེ་ས32བཅོས་སྒྲིག་ལ་མཛུབ་སྟོན་བྱས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཚན་ཆུང9བཙུགས་ནས་རྨ་སྟོད་རྫོང་མཁར་དང་རྨ་ཆུ་ཤང་། མཚོ་སྐྱ་རེངས་ཤང་། འབྲོང་ལུང་ཤང་། མཛོ་རྒན་རྭ་བར་གྲོང་རྡལ་རྩྭ་དེའུ་སྡེ་བ། རྨ་ཆུའི་ཆུ་གློག་ས་ཚིགས་དང་པོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྱིམ་ཚང826ལ་རྩད་ཞིབ་བྱས་ལ། མང་ཚོགས3765ཁ་བཀྲམས་པ་དང་། རས་གུར210ཕུབ་ནས་མང་ཚོགས500ལྷག་གནས་སྐབས་སུ་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།