ཝུའུ་ཞའོ་ཅུན་གྱིས་ན་གོར་མོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས16ནས17ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བར་བརྟག་ཞིབ་གནང་བར་ཕྱིན། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཟུང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལེགས་པོར་སྤེལ་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་བློ་གྲོས་ལ་བརྟེན་ནས་འཚོ་བ་ཇེ་ལེགས་སུ་གཏོང་དགོས་པར་ནན་གྱིས་བསྟན། 

གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བ་དང་ཀུའོ་ལེ་མུའུ་ཏི་གྲོང་རྡལ་ཧུང་ལིའུ་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ཁོང་གིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ཡུལ་བབ་དང་བསྟུན་ཏེ་གྲོང་གསེབ་ཡུལ་སྐོར་དང་། ཁམས་གསེང་ཞིང་ལས། ཁྱིམ་ཚང་དཔལ་འབྱོར་སོགས་ཐོན་ལས་གསར་པ་དང་ལས་རིགས་གསར་པ་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ཞིང་པར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་པོ་ལོངས་སུ་སྤྱོད་དུ་འཇུག་དགོས། གྲོང་གསེབ་ཀྱི་འཆར་འགོད་ལ་ཤུགས་སྣོན་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། དཔལ་ཡོན་ལྡན་པའི་གྲོང་སྲོལ་སྐྱེད་སྲིང་བྱེད་པ། རོང་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བཅས་འཛུགས་སྐྲུན་བྱེད་པ། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་མི་དམངས་ཀྱིས་ཏང་གི་ལོ་རྒྱུས་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་ཚོར་ཐུབ་པར་བྱེད་པ་དང་། ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་མང་པོ་ཐོབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་ཁག་གི་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་སེ་འབྲུའི་ཚི་གུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།