མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་ཁྲི127ལ་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་ཁྲི127ལ་བརྒྱབ་པ་དང་། ལོ18ཡན་གྱི་མི་ཚོགས་ཚང་མར་འགོག་སྨན་རྒྱག་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།

1.jpg

ཟི་ལིང་གྲོང་ཁྱེར་ཏུང་ཀོན་སྲང་ལམ་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་འགོག་སྨན་རྒྱག་ས།

ཟི་ལིང་གྲོང་ཁྱེར་དུ། གྲོང་ཁྱེར་སྡོད་དམངས་རྣམས་ཀྱི་འགོག་སྨན་རྒྱག་པའི་རེ་འདུན་ཆེས་ཆེར་འཕེལ་ཡོད། ཟི་ལིང་གྲོང་ཁྱེར་ཏུང་ཀོན་སྲང་ལམ་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ། སྔ་དྲོའི་ཆུ་ཚོད8དང་སྐར་མ30ནས་ཕྱི་དྲོའི་ཆུ་ཚོད5པའི་བར་དུ། འགོག་སྨན་རྒྱག་མཁན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡོང་བཞིན་ཡོད། ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཝང་ཞིའུ་ཕིང་གིས་བཤད་རྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་ནི་མི་རེའི་འགན་འཁྲི་དང་འོས་འགན་ཡིན་པས། ངའི་ཁྱིམ་མི་དང་གྲོགས་པོ་རྣམས་ཀྱིས་འགོག་སྨན་བརྒྱབ་ཟིན་ལ། ངས་ཀྱང་ད་སོ་མ་བརྒྱབ་ཚར་བས་སེམས་བདེ་ལ་བབས་ཡོད་ཟེར།

ཏུང་ཀོན་སྲང་ལམ་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་པ་ཀྲང་ཆིན་ཡན་གྱིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར། གཞིས་ཁུལ་གྱི་འགོག་སྨན་ཐེངས་དང་པོ་དང་ཐེངས་གཉིས་པའི་འདོན་སྤྲོད་འདང་ངེས་ཤིག་ཡོད་པས། གྲོང་མི་རྣམས་ཀྱིས་ཐོབ་ཐང་ལག་འཁྱེར་བཟུང་ནས་ནམ་ཡིན་རུང་འགོག་སྨན་རྒྱག་སར་ཕྱིན་ནས་འགོག་སྨན་བརྒྱབ་ཆོག་ཟེར།

2.jpg

ཡུས་ཧྲུའུ་ཁུལ་རྒྱལ་རྗེ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་གི་འགོག་སྨན་རྒྱག་ས།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་དུ་འགོག་སྨན་རྒྱག་པའི་བྱ་བ་བརྟན་བརླིང་ངང་སྤེལ་བཞིན་ཡོད། ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྤྱི་བའི་འཕྲོད་བསྟེན་ཚན་ཁག་གི་ཚན་གཙོ་ལིའུ་ཅིན་ཧྭ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཟླ5པའི་ཚེས16ཉིན་གྱི་ཆུ་ཚོད24བར་དུ། ཡུས་ཧྲུའུ་ཁུལ་དུ་འགོག་སྨན་མི་ཐེངས་ཁྲི7.2ལ་བརྒྱབ་པ་དང་། འགོག་སྨན་རྒྱག་ས་བསྡོམས་པས27བཙུགས་ཡོད་ལ། མཁར་གྲོང་གི་ལོ་ལོན་དང་ཚོང་བ་རྣམས་ཀྱིས་མིག་སྔར་བླང་བྱ་ལྟར་འགོག་སྨན་རྒྱག་བཞིན་པའི་སྒང་ཡིན་ཟེར།

དུས་མཚུངས་སུ། ད་ལྟ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སུ་སླེབས་ཡོད་པས། བོད་འབྲེལ་ས་ཁུལ་གྱི་འབྲོག་དམངས་རྣམས་ཀྱིས་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་ཆེད། མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྩྭ་སའི་ཉེ་འགྲམ་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་དུ་འགོག་སྨན་རྒྱག་ས་བཙུགས་ཡོད་པ་དང་། ས་གནས་སྨན་པར་འགོག་སྨན་རྒྱག་པའི་གོ་རིམ་ཧྲིལ་བོའི་བྱ་བ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཡོད།

3.jpg

རྨ་ཆེན་རྫོང་གི་པྲོག་གསར་རིམས་ནད་འགོག་སྨན་རྒྱག་ས།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཝན་ཅུན་གྱིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔའི་བར་དུ། མགོ་ལོག་ཁུལ་དུ་བསྡོམས་པས་འགོག་སྨན་མི་ཐེངས44503ལ་བརྒྱབ་པ་དང་། རྗེས་མར་ས་གནས་ཀྱིས་འགོག་སྨན་རྒྱག་པའི་བྱ་བ་བརྟན་བརླིང་ངང་སྤེལ་བའི་རྨང་གཞིའི་སྟེང་། འཁོར་སྐྱོད་འགོག་སྨན་རྒྱག་ས་བཙུགས་ནས་འབྲོག་ཁུལ་མང་ཚོགས་ལ་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།