ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ད་ལོའི་དུས་ཚིགས་དང་པོའི་རང་ཞིང་གི་ཡུལ་སྐོར་མི་གྲངས་དང་ཡོང་སྒོའི་གཞི་གྲངས་ཁྱབ་སྒྲོག་བྱས། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི447.61སྣེ་ལེན་བྱས་པ་དང་། སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར40.82ལ་སླེབས། ཚོང་ཁྲོམ་གྱིས་སྣེ་ལེན་བྱས་པ་དུས་མཉམ་ལས་འཕར།
ལུགས་གསར་ལོ་གསར་སྐབས་སུ་དར་ཆེ་བའི་གངས་ཤུད་དང་ཆུ་ཁོལ་ཡུལ་སྐོར་ནས་ལུགས་རྙིང་ལོ་གསར་སྐབས་ཀྱི་མཇལ་སྐོར་བར་དང་། དེ་ནས་ཟླ3པ་དང་ཟླ4པའི་དཔྱིད་ཉུལ་མེ་ཏོག་ལྟད་མོའི་ཡུལ་སྐོར་བར་དུ། མཚོ་སྔོན་གྱི་ས་ཆ་སོ་སོས་ཆེས་མཛེས་པའི་ཡུལ་ལྗོངས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ཡུལ་སྐོར་ཚོགས་པ་དང་སྒེར་སྐོར་ཡུལ་སྐོར་པ་མང་པོ་བསུས། ད་ལོའི་ཟླ་དང་པོ་ནས་ཟླ3པའི་བར། རང་ཞིང་གི་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་སྒོ་བསྟུད་མར་འཕར། ལྔ་གཅིག་གུང་གསེང་ཐོན་ལ་ཉེ་བ་དང་བསྟུན་ནས་ཡུལ་སྐོར་པའི་མི་གྲངས་བསྟུད་མར་འཕར་བས།མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་མགོ་ལེགས་པོ་བརྩམས།
ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་གཞི་གྲངས་ལས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་རྣམ་པ་རྒྱུན་ཆད་མེད་པར་རིམ་པ་འཕར་ཞིང་འགྱུར་ལྡོག་བྱུང་བ་དང་། ཡུལ་སྐོར་གྱི་ཐོན་རྫས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་སོང་བས་སྒེར་སྐོར་ཡུལ་སྐོར་པ་མང་པོའི་དགའ་བསུ་ཆེན་པོ་ཐོབ། དྭངས་གསལ་གུང་གསེང་ཁོ་ནར་མཚོ་སྔོན་དུ་སྒེར་སྐོར་རླངས་འཁོར་ཁྲི3.58ཐོན་པ་དེ། ན་ནིང་གི་དུས་མཉམ་ལས142.61%འཕར་བ་དང་། ཡུལ་སྐོར་པ་བསྐྱོད་པའི་ཆ་སྙོམས་ཀྱི་ལམ་ཐག་སྤྱི་ལེ100ལས་བརྒལ།
རྒྱལ་ནང་གི་ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་བྱ་ཡུལ་ཆེན་པོ10ནས་ནུབ་ཕྱོགས་ཀྱི་ཀུན་གྱིས་དོ་སྣང་བྱེད་པའི་སྒེར་སྐོར་ཡུལ་སྐོར་བྱ་ཡུལ་གང་ལ་བལྟས་ནའང་མཚོ་སྔོན་ཡུལ་སྐོར་མིང་དུ་གྲགས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད། ད་ལོའི་ཚུན་དུ། རང་ཞིང་གིས་དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་ཡུལ་སྐོར་བྱ་འགུལ500ཙམ་དང་མང་ཚོགས་ཀྱི་རིག་གནས་བྱ་འགུལ900ཙམ་སྤེལ་ཏེ་མང་ཚོགས་ཁྲི600ལ་ཞབས་འདེགས་ཞུས། སྐྱེ་ཁམས་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར། རིག་དངོས་བཤམས་སྟོན་ཡུལ་སྐོར། སྒེར་སྐོར་ཡུལ་སྐོར་བཅས་བསྟུད་མར་འཕར་བ་དང་། རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པས་ཡུལ་སྐོར་པར་མཚོ་སྔོན་གྱི་རིག་གནས་ལོ་རྒྱུས་དང་རང་བྱུང་མཛེས་ལྗོངས་མ་ལུས་པ་ལོངས་སྤྱོད་དུ་བཅུག
མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་མུ་འབྲེལ་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་སྤེལ་བའི་བར་དང་། དེ་ནས་མི་ཚོགས་རབ་ཏུ་འཁོར་བའི་དཔྱིད་ཉུལ་མེ་ཏོག་ལྟད་མོའི་ཡུལ་སྐོར་ནས་སྐྱེ་ཁམས་ཡུལ་སྐོར་བར་དུ་མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དེ་ཡུལ་སྐོར་གྱི་ལྷང་ངེ་ས་དང་ལས་རྣམ་གསར་པར་གྱུར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་བསྟུད་མར་ནགས་ཚལ་ཁམས་གསོ་དང་མཐོ་སྒང་བརྒལ་བ། རི་འཛེག་ཉེན་འཚོལ་སོགས་སྐྱེ་ཁམས་ཡུལ་སྐོར་གྱི་ཆེད་དམིགས་ཐོན་རྫས་སྣ་ཚོགས་དང་།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་རྒྱུན་ཆད་མེད་པར་རྙིང་འབུད་གསར་འདོན་བྱས།
“དུས་ཚིགས་དང་པོའི་མཚོ་སྔོན་ཡུལ་སྐོར་གྱི་ཡོང་སྒོ་དང་མི་གྲངས་གཉིས་ཀ་འཕར་བ་དེས་མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་འགུག་ཤུགས་མཚོན་ཡོད”ཅེས་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་པས་དབྱེ་ཞིབ་བྱེད་ཞོར་དེ་ལྟར་བཤད། ད་ལོར། རང་ཞིང་གིས་རབ་མཛེས་མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད་པ་སོགས་ཀྱི་མུ་འབྲེལ་བྱ་འགུལ་བཏོན་པ་དང་། གཟིགས་སྐྱོང་བྱེད་ཐབས་དང་སྐྱེ་ཁམས་ཡུལ་སྐོར་རྩེ་གྲས་ལམ་ཐིག་བརྒྱ་ཙམ་བཏོན་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ཡུལ་སྐོར་པ་བཀུགས།
དེ་ལས་གཞན། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུ་ཡི་མཁོ་འདོན་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་པ་དང་ཡུལ་སྐོར་ཐོན་རྫས་ཉིན་རེ་བཞིན་ཕུན་ཚོགས་སུ་གྱུར་ལ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱིས་དབྱར་ཁའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་དང་མཉམ་དུ། ཤུགས་ཡོད་རྒུས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་བསྐྲུན་པས་མཚོ་སྔོན་ཡུལ་སྐོར་གྱི་དུས་གཞོང་རྒྱུན་ཆད་མེད་པར་བསྲིང་། ཟླ3པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་སོ་སོའི་ལས་གཉེར་པ་ཚང་མ་སྣེ་ལེན་གྱི་ལས་ལ་བྲེལ་བ་དང་། ལྔ་གཅིག་གུང་གསེང་ཐོན་ལ་ཉེ་སྐབས་ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་མི་གྲངས་ཀྱིས་རྒྱུན་ཆད་མེད་པར་ཟིན་ཐོ་གསར་པ་བསྐྲུན།
མཚོ་སྔོན་པོ་དང་ཚྭ་ཁ། སྐུ་འབུམ་བྱམས་པ་གླིང་སོགས་ཀྱི་ལྗོངས་ཁུལ་ལས་གཞན། བསྟུད་མར་འཕེལ་བའི་དྲ་གྲགས་ལྗོངས་ཁུལ་ཀྱང་ཡུལ་སྐོར་པ་རྣམས་ཀྱི་མིག་དབང་གཏོད་པའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད། མིག་སྔའི་བར་དུ། “རབ་མཛེས་མཚོ་སྔོན”དྲ་བ་ཡོངས་ནས་འཚོལ་བཤེར་བྱེད་ཚད་ཀྱི་སྡོམ་གྲངས་བསྡུར་ཚད29%འཕར་བ་དང་། “མཚོ་སྔོན་ཡུལ་སྐོར”དྲ་བ་ཡོངས་ནས་འཚོལ་བཤེར་བྱེད་ཚད་ཀྱི་སྡོམ་གྲངས་བསྡུར་ཚད113%འཕར་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
དུས་ཚིགས་དང་པོར་མི་ཐེངས་ཁྲི447གྱིས་མཚོ་སྔོན་དུ་ཡུལ་སྐོར་བྱས་པ།