ཝང་ཅན་ཅུན་གྱིས་འགན་ལེན་འབྲེལ་འདྲིས་བྱས་པའི་ལས་གཞི་ཆེན་པོར་རྟོག་ཞིབ་བྱེད་སྐབས་སེམས་ཤུགས་གཅིག་སྒྲིལ་གྱིས་ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། འགན་ལེན་འབྲེལ་འདྲིས་བྱས་པའི་ལས་གཞི་ཆེན་པོ་སྟེ་ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཐད་ནས་རྟོག་ཞིབ་བྱས་པ་དང་། འཛུགས་སྐྲུན་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། སེམས་ཤུགས་གཅིག་བསྒྲིལ་གྱིས་ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་སྔ་གཞུག་ཏུ་མཚོ་ཤར་ས་ཚིགས་ནུབ་མ་དང་ཐུན་རིན་ས་ཚིགས། ཀན་སུའུ་དང་ཞིང་ཆེན་བར་གྱི་སྦུག་ལམ་བཟོ་སྐྲུན་ཡུལ་དངོས་སུ་སོང་ནས། བཟོ་སྐྲུན་འཛུགས་སྐྲུན་བྱེད་ཚད་དང་ཟམ་པ་དང་སྦུག་ལམ་བསྡུར་ཚད། ས་ཞིང་བསྡུ་རུབ་དང་གནས་སྤོར། ཁོར་ཡུག་དཔྱད་འཇོག་དང་། འགྲིམ་འགྲུལ་བརྗེ་སྤྲོད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དེ་རྒྱལ་ཁབ་ཀྱི་འཕྲེད་བརྒྱད་གཞུང་བརྒྱད་ལྕགས་ལམ་དྲ་རྒྱའི་གྲས་སུ་འཇོག་པ་དང་། ཤར་རྒྱུད་གྲོང་ཁྱེར་ཚོགས་ལ་འདེགས་སྐྱོར་བྱེད་པ་དང་ཁྲིན་ཏུའུ་དང་ཁྲུང་ཆིན་གྱི་དཔལ་འབྱོར་ཁྱབ་ཁོངས་ལ་སྦྲེལ་མཐུད་བྱེད་པ། རྒྱལ་ནང་གི་འཁོར་རྒྱུག་ཁྲོད་འདྲེས་པར་བྱེད་པའི་ཐད་ནས་དོན་སྙིང་གལ་ཆེན་ལྡན། འགོ་ཚུགས་ས་མཐོན་པོ་ནས་འཆར་འགོད་བྱེད་པ་དང་ཆུ་ཚད་མཐོན་པོ་ནས་ཇུས་འགོད་བྱེད་པ། སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོན་པོས་འགན་སྲུང་བྱེད་པ། དེང་རབས་ཀྱི་འདུ་ཤེས་འཁོར་རྒྱུག་བཟང་བོ་བྱེད་པ། མཐའ་འཁོར་གྱི་རི་ཆུ་ལ་མཐུན་སྦྱོར་བཟང་བོ་བྱེད་པ། ས་ཁོངས་ཀྱི་སྣང་བརྙན་ངོམ་པ། སྤུས་ལེགས་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དེ་ལམ་རྒྱུད་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་འདེགས་སྐྱོར་རུ་འགྱུར་བར་བྱེད་དགོས་ཟེར།

དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝང་ཅན་ཅུན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ལན་ཞིན་ལྕགས་ལམ་ཀན་སུའུ་དང་མཚོ་སྔོན་ཚད་ཡོད་ཀུང་ཟི། ཀྲུང་གོའི་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འགན་ཁུར་མི་སྣ་བཅས་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ནི་ལས་གཞི་གལ་ཆེན་ཡིན་པས། དོན་ཆེན་དེ་ཆུང་བར་བསྒྲུབ་མི་རུང་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པས། དོན་དག་གལ་ཆེན་དེ་ཚད་གཞི་དམའ་མོར་བསྒྲུབ་མི་རུང་། དམངས་ཚིས་ཀྱི་བདེ་སྐྱིད་ཡིན་པས། དོན་ཆེན་དེ་དོན་ཆུང་དུ་བསྒྲུབ་མི་རུང་། རྙོག་འཛིང་གི་བཟོ་སྐྲུན་ཡིན་པས། དོན་དག་དཀའ་མོ་དེ་སླ་མོར་བསྒྲུབ་མི་རུང་ལ། དུས་རབས་ཀྱི་དགོས་མཁོ་ཡིན་པས། བྲེལ་མྱུར་གྱི་བྱ་བ་དེ་དལ་མོར་བསྒྲུབ་མི་རུང་། ལོ་རྒྱུས་ཀྱི་རྗེས་མཐུད་ཡིན་པས། དོན་དངོས་བཟང་བོར་བསྒྲུབ་དགོས། ཆེད་ལས་མི་སྣས་ཆེད་ལས་ཀྱི་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། འཆར་འགོད་བཟང་བོ་བྱེད་པ་དང་ཇུས་འགོད་ལྟར་འཛུགས་སྐྲུན་བྱེད་པ། དོ་དམ་ཞིབ་མོ་བྱེད་པ། ས་ཁུལ་དང་སྡེ་ཁག་མཉམ་དུ་འཛུགས་སྐྲུན་ཁྲོད་ཞུགས་པ། ཁྲིམས་སྲོལ་ལྟར་གནས་སྤོར་བ། བརྒྱུད་རིམ་ལྟར་འཛུགས་སྐྲུན་བྱས་ནས། ཧུར་ཐག་གིས་ཕན་ཡོད་ཆ་རྐྱེན་གསར་སྐྲུན་བྱེད་པ་དང་། ཧུར་ཐག་གིས་ཆེས་བཟང་བའི་གྲུབ་འབྲས་བརྩོན་ལེན་བྱས་ཏེ། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

ལིས་ཅེ་ཞིང་དང་ཡུས་ཚོང་ལི་གཉིས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།