ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་སོང་ནས་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས།   ཁོས་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་།  ཁྱད་ལྡན་ཐོན་ཁུངས་ལ་རྐང་འཛུགས་པ།    སྟོབས་ལྡན་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ།   ཞིང་ལས་ཀྱི་སྤུས་འདེགས་ནུས་སྤེལ་དང་གྲོང་གསེབ་ཀྱི་བདེ་སྡོད་ལས་བརྩོན། ཞིང་བ་ཕྱུག་འགྱུར་བཅས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་གྱིས་མཁར་གྲོང་མཐུན་སྦྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར།

ཀའོ་མེའོ་གྲོང་རྡལ་ཧན་ཏི་ཝན་སྡེ་བ་རུ་ཝུའུ་ཞའོ་ཅུན་གྱིས་སྒྲིག་ཆས་ཞིང་ལས་འཕེལ་རྒྱས་དང་ཞིང་སྡེའི་ཡུལ་སྐོར་དང་གཞི་རིམ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།   ཁོས་ནན་གྱིས་བསྟན་དོན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་འགུལ་སྐྱོད་དུ་བསྒྱུར་དགོས་པ་དང་།   གྲོང་གསེབ་འཆར་འགོད་ལ་ཤུགས་སྣོན་པ་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།    གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བ།    དཔལ་ཡོན་གྲོང་སྲོལ་གསོ་སྐྱོང་བྱེད་པ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་བྱེད་ནུས་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་དགོས།  དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་སྤེལ་བྱས་པ་དང་།    ཚན་རྩལ་གྱིས་ཞིང་ལས་དར་རྒྱས་གཏོང་བ་དང་།   ཤེས་ལྡན་མི་སྣས་ཞིང་ལས་སྟོབས་ལྡན་དུ་གཏོང་བ།   གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་བཙན་རྫོང་བྱེད་ནུས་པ་དང་གུང་ཁྲན་ཏང་མིའི་སྔོན་ཐོན་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།  འཇོན་མིས་སྐུལ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་་བྱེད་པར་མཐོང་ཆེན་བྱེད་པ།    མཛེས་སྡུག་གི་གྲོང་གསེབ་དང་དེང་རབས་ཞིང་ལས་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་པ་སོགས་བྱས་ཏེ་དབུལ་ཐར་རྨང་གཞི་སྔར་ལས་སྲ་བརྟན་དང་གྲུབ་འབྲས་སྔར་ལས་རྒྱུན་མཐུད་ཡོང་བར་བྱེད་དགོས།   ཙོང་ཆུའི་གཤོང་སའི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་བསྲེས་བྱེད་པ། ཁྱད་ལྡན་མིང་གྲགས་ཐོན་རྫས་གསོ་སྐྱོང་བྱེད་པ་སོགས་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པར་ནུས་ལྡན་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ལི་ཏུའུ་ཆུའུ་ཁྲའོ་དབྱང་རི་བོའི་སྤྱི་གླིང་དང་ས་འོག་ཕྱོགས་བསྡུས་སྦུག་ཁྱམས་སུ་ཝུའུ་ཞའོ་ཅུན་གྱིས་གྲོང་ཁྱེར་ལྟེ་གནས་ཁུལ་འཆར་འགོད་འཛུགས་སྐྲུན་དང་ས་འོག་ཕྱོགས་བསྡུས་སྦུག་ཁྱམས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།  ཁོས་ནན་གྱིས་བསྟན་དོན།   ཤར་ནུབ་རྒྱུད་རོགས་ལས་དང་ལན་ཀྲི་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་ལ་དམ་པོར་དམིགས་ནས།     འགོ་འཛུགས་ས་མཐོན་པོས་འཆར་འགོད་དང་སྤུས་ཚད་མཐོན་པོས་ཇུས་འགོད།  ཚད་གཞི་མཐོན་པོས་འཛུགས་སྐྲུན་བྱེད་པ།    བྱེད་ནུས་མཐོན་པོས་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   འཕེལ་རྒྱས་ངེས་གནས་ཡང་དག་པར་འཚོལ་བ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་གཏོང་བ།   ཟི་ལིང་དང་མཚོ་ཤར་གཞི་གཅིག་ཅན་དང་མཁར་གྲོང་གཞི་གཅིག་ཅན།  ཐོན་ལས་དང་གྲོང་ཁྱེར་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ།    སྐྱེ་ཁམས་དགེ་མཚན་ལ་དམ་པོར་དམིགས་པ་དང་།  འཕེལ་རྒྱས་ཀྱི་དགེ་མཚན་གཅིག་བསྡུས་བྱེད་པ།   ཐོན་ལས་དགེ་མཚན་བསྐྲུན་པ་བཅས་བྱས་ནས་མཚོ་ཤར་དེ་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཕེལ་རྒྱས་ཀྱི་གྲོང་ཁྱེར་གཙོ་བོར་འགྱུར་བར་འབད་འཐབ་བྱེད་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ཞུའུ་ཀུ་འོད་ནུས་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་སུ་ཝུའུ་ཞའོ་ཅུན་ཐོན་སྐྱེད་འཁོར་ཁང་དུ་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ཞིབ་འདྲི་བྱས།  ཁོས་ནན་གྱིས་བསྟན་དོན།    བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   གསར་སྐྲུན་སྐུལ་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ།    སྲིད་ཇུས་ཀྱི་རྒྱབ་སྐྱོར་སྣེ་ཁྲིད་ཤུགས་ཚད་ཆེ་རུ་གཏོང་བ།   ཐོན་ལས་སྦྲེལ་ཐག་དང་མཁོ་འཁོན་སྦྲེལ་ཐག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ།   ཞབས་ཞུའི་འདོན་སྤྲོད་ཇེ་ལེགས་སུ་གཏོང་བ་སོགས་བྱས་ཏེ་ཐོན་ལས་ཐུན་མོང་ཚོགས་པ་གྲུབ་པར་བྱས་ནས་མཚོ་ཤར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།