ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཚོགས་འདུའམ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བསྡུས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱ་རྒྱུ་ནང་དོན་གཙོ་བོར་བཟུང་ནས་ཞིབ་འཇུག་གྲོས་བསྡུར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་ཡོངས་སུ“ལོ་རྒྱུས་བཞི”དྲིལ་བསྒྲགས་སློབ་གསོ་སྤེལ་བའི་སྐོར་གྱི་ཡིག་ཆའི་དགོངས་དོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ཏང་གི་ལོ་རྒྱུས་ལ་ཐུན་མོང་ཐོག་སློབ་སྦྱོང་བྱས་པ་རེད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་།
ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་འགག་རྩའི་མཚམས་ཚིག་ལ་དམ་འཛིན་ཡང་དག་བྱ་དགོས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་ལ་ནན་ཏན་སྒོས་གསེལ་འགྲེལ་དང་ཕྱིར་མིག་བལྟས་ནས། དེའི་རིང་གི་མཚོན་རྟགས་རང་བཞིན་གྱི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཚང་མ་ཤེས་རྟོགས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས་ཀྱི་བགྲོད་རིམ། ལག་ལེན་གྱི་གཏན་ཚིགས་བཅས་སྔར་བས་ཁ་གསལ་བཟོ་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་དང་ལེན་གཏིང་ཟབ་བྱ་དགོས་ཏེ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི“འགྱུར་བ”དང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི“འགྱུར་མེད”བར་གྱི་རྩོད་སྒྲུབ་འབྲེལ་བར་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱ་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་མཐའ་འཁྱོངས་དང་ཁག་ཐེག་བྱས་ནས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དུས་རབས་ཀྱི་ཁྱད་ཆོས་དང་ལག་ལེན་གྱི་ཁྱད་ཆོས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས། མར་ཁེ་སིའི་རིང་ལུགས་ཀྱི་ཡོངས་ཁྱབ་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། སློབ་སྦྱོང་དང་བསམ་བློ། ལག་ལེན། གོ་རྟོགས་བཅས་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ལ་དོ་སྣང་བྱ་དགོས། སེམས་གནད་ལ་ཕབ་ནས་སློབ་པ་དང་བསམ་བློ་བཏང་ནས་སློབ་པ། བླང་བྱ་ལྟར་སློབ་པ། དོན་དངོས་དང་འབྲེལ་ནས་སློབ་པ་བཅས་བྱས་ནས། དམངས་ཆེན་གྱི་འགན་ནུས་གནས་ཚད་ལ་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་སློབ་སྦྱོང་ལ་བརྟེན་ནས་དམངས་ཆེན་གྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག ཐིང་རིམ་པའི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་གཏམ་བཤད་གནང་། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུའམ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།